ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2022-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར་དུས་ཚིགས་གསུམ་པའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུའི་སྟེང་། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱིའི་ཁོར་ཡུག་གི་གདོང་ཐུག་དང་། ཞིང་ཆེན་ནང་ཁུལ་དུ་རིམས་ནད་མཆེད་པ། ཐལ་དྲགས་པའི་གནམ་གཤིས་སོགས་ཀྱི་སྔོན་དཔག་ལས་བརྒལ་བའི་ཤུགས་རྐྱེན་ལ་ཧུར་ཐག་གིས་ཁ་གཏད་པ། གྲུབ་འབྲས་ཆེན་པོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། རང་འགུལ་ངང་ནས་བྱ་བ་སྒྲུབ་པ་དང་། སྐབས་བསྟུན་གྱིས་དཀའ་ཁག་སེལ་བ་བཅས་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་རྒྱུན་མཐུད་ངང་སླར་གསོ་ཡོང་བའི་རྣམ་པ་མངོན་ཡོད་པར་བསྟན། 

ཚོགས་འདུའི་སྟེང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས། ཆ་ཚང་ཞིང་ནོར་བ་མེད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པ། “རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་འཇགས། འཕེལ་རྒྱས་བདེ་འཇགས”བཅས་བྱེད་དགོས་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཀྱི་གནས་བབ་ལ་རྩོད་སྒྲུབ་ཀྱིས་དབྱེ་ཞིབ་དང་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་ལ་ཕན་པ་ཆེ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བྱེད་པ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་འཇགས་ཡོང་བ་བཅས་བྱས་ནས་ཐོན་ལས་གསུམ་བརྟན་འཇགས་ཡོང་གང་ཐུབ་བྱེད་པ་དང་། ཧུར་ཐག་གིས་ནུས་པ་ལྡན་པའི་དགོས་མཁོ་རྒྱ་ཆེར་གཏོང་བ། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ། “གནས་བཞིའི”འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ། དུས་ཚིགས་བཞི་པར་མཐའ་མའི་གདོང་མཆོང་བཅས་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པ་བྱས་ནས། ཆེས་བཟང་པོའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱེད་དགོས་པར་ནན་གྱིས་བསྟན། 

ཚོགས་འདུའི་སྟེང་། རྒན་གསོའི་ཞབས་ཞུ་དང་གྲོང་ཁྱེར་གྱི་འབར་རླངས་སྦུབ་ལམ་སོགས་རྙིང་ཚབ་གསར་བརྗེ་དང་སྒྱུར་བཀོད། གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་བཅོས་སྒྱུར་གསར་གཏོད་དེ་རྩ་བའི་སྒུལ་ཤུགས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། རྒན་རྒོན་ཡོངས་ལ་ཁྱབ་པ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ་དང་འགན་ལེན་འོས་འཚམ་ཡིན་པ། རྒྱུན་མཐུད་བཅས་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་གང་མགྱོགས་སྒོས་བཙུགས་ནས་རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། “གཙོ་གནད་ལ་དམིགས་པ་དང་། འབྱུང་རྩ་གསལ་པོར་རྟོགས་པ། ཡུལ་བབ་དང་བསྟུན་པ། འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་འཛིན”བཅས་ཀྱི་རྩ་དོན་ལྟར། གྲོང་ཁྱེར་གྱི་འབར་རླངས་སྦུབ་ལམ་སོགས་རྙིང་ཚབ་གསར་བརྗེ་དང་སྒྱུར་བཀོད་སྒྲིག་འཛུགས་བྱས་ནས། འབར་རླངས་ཆ་འཕྲིན་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་སྦུབ་ལམ་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཉེན་ཁ་ཚབས་ཆེན་དོགས་ཟོན་དང་ཐག་གཅོད་བྱེད་པའི་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། ནུས་ཤུགས་ཡོད་རྒུས་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བཟང་པོ་བྱས་ནས། ཕྱོགས་སོ་སོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། བསྐྱར་སྐྲུན་ལས་གཞིའི་རྣམ་གྲངས་ནུས་པ་ལྡན་པའི་སྒོ་ནས་ལག་བསྟར་དང་། མ་དངུལ་བེད་སྤྱོད་ཀྱི་བདེ་འཇགས་དང་ཚད་ལྡན་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

ཚོགས་འདུའི་སྟེང་བགྲོ་གླེང་བྱས་པ་མ་ཟད་རྩ་དོན་ལྟར《 མཚོ་སྔོན་ཞིང་ཆེན་གྱི་སྦྲག་སྲིད་སྲོལ་ཡིག》དང 《མཚོ་སྔོན་ཞིང་ཆེན་གྱི་〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགུག་འོས་འཇུག་བཅའ་ཁྲིམས〉ཀྱི་ལག་བསྟར་བྱེད་ཐབས 》།《མཚོ་སྔོན་ཞིང་ཆེན་གྱི་ཁྲལ་རིགས་མ་ཡིན་པའི་ཡོང་འབབ་དོ་དམ་སྲོལ་ཡིག》 །《མཚོ་སྔོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུའི་ལུས་ཁམས་བདེ་སྲུང་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》།《མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དག་བཅོས་འཆར་ཟིན(མ་ཟིན)ལྔ་ལ་གྲོས་འཆམ་བྱུང་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་དོ་དམ་སྲོལ་ཡིག》དང་།《མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》《མཚོ་སྔོན་ཞིང་ཆེན་གྱི་འཕྲིན་བཅར་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཞི(འཆར་ཟིན)མཚམས་བཞག་ནས། སྔར་ལས་ལྷག་པའི་སྒོ་ནས་བཟོ་བཅོས་དང་འཐུས་ཚང་དུ་བཏང་རྗེས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་འབུལ་དགོས་པའི་བླང་བྱ་བཏོན་པ་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་ཁག་གཅིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་གཏན་འབེབས(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། རྩ་དོན་ལྟར་གོ་རིམ་ལྟར་ཡོངས་བསྒྲགས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།