ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱི་དེང་རབས་ཁྱད་ལྡན་ཞིང་ལས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བར་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་བཅུའི་རིང་མཚོ་ཤར་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“ཞིང་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་ཞིང་པའི་ཡོང་འབབ་འཕར་སྣོན”གྱི་ལྟེ་བར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་བསྐྲུན་ནས་ཞིང་ལས་དང་དཔལ་འབྱོར་གྱི་བྱས་རྗེས་འབུལ་ཚད་བརྟན་འཇགས་ངང་མཐོར་འདེགས་སུ་བཏང་བས། དེང་རབས་ཀྱི་ཞིང་ལས་ལ་རྣམ་པ་གསར་པ་མངོན་ཡོད། 2021ལོར། མཚོ་ཤར་གྲོང་ཁྱེར་གྱི་ཞིང་ལས་དང་ཕྱུགས་ལས། ནགས་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར80.66ཟིན་པ་དང་། དེ2012ལོ་དང་བསྡུར་ན་སྒོར་དུང་ཕྱུར36.37གྱིས་ཇེ་མང་དུ་ཕྱིན་ནས། འབྲུ་རིགས་དང་སྔོ་ཚལ་གྱི་ཐོན་ཚད་སོ་སོ་ཏུན་ཁྲི51.65དང71.51ཟིན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི47.4%དང47.6%ཟིན། 

མཚོ་ཤར་གྲོང་ཁྱེར་གྱིས་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས། རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་དང་། “རྨ་ཆུ་སྔོན་མའི”སྔོ་ཚལ་ཐོན་སྐྱེད་དཔེ་སྟོན་རྟེན་གཞིར་སྐུལ་འདེད་ཤུགས་ཆེན་བཏང་བས། “མཐོ་སྒང་དང་ལྗང་མདོག སེ་བཅུད། སྐྱེ་ལྡན”བཅས་ཀྱི་ཞིང་ལས་སྤུས་རྟགས་ཀྱི་ལེགས་ཆ་མངོན་ནས། སྔ་རྗེས་སུ་ཧུའུ་ཀྲུའུ་ཡི་ཕག་དང་ལི་ཏུའུ་ཡི་སྒོག་སྨུག་སོགས་ཐོན་རྫས18རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོབ་ཐོན་རྫས་གྲས་སུ་ཚུད། རིམ་རྩིས་བྱས་ན་རིགས་པ་སོ་སོའི་མཉམ་ལས་ཁང4010འཕེལ་རྒྱས་སུ་བཏང་བ་དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས109ཟིན། ཆ་འཕྲིན་ལག་རྩལ་ལ་བརྟེན་པའི་ཞིང་ལས་ཆ་འཕྲིན་ཅན་གྱི་མ་ལག་དང་ཚད་ལྡན་ཅན་གྱི་མ་ལག་འཚོལ་ཞིབ་བྱས་ནས། གྲོང་ཁྱེར་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་ཚན་རྩལ་ཁྱབ་གདལ་དྲ་རྒྱ་བཙུགས་ནས། དངོས་སྤྱོད་ལག་རྩལ་ཁག450ནང་འདྲེན་བྱས་ཏེ། སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་ཚན་རྩལ་ཁྱབ་གདལ་གྱི་གྲུབ་འབྲས་བྱ་དགའ་ཁག9ཐོབ་པ་དང་། མུའུ་བརྒྱ་ཡན་གྱི་ཚན་རྩལ་དཔེ་སྟོན་ས་ཚིགས7བཙུགས། 

ཤེས་གསལ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་ལག་བསྟར་བྱས་པའི་གྲོང་གསེབ་དར་སྤེལ་གཏོང་བའི“བྱ་སྤྱོད་ཆེན་པོ་བརྒྱད”དེ“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་སར་བརྩིས་ནས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་པའི་ལས་དོན་ཁག་དོན་འཁྱོལ་བྱས་ཏེ། ས་བོན་བཟང་སྤེལ་དང་སྤུས་ཚད་མཐོར་འདེགས། ཚོང་རྟགས་གྲགས་ཅན་གསར་སྐྲུན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་སོགས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་བྱེད་སྒོ་སྤེལ། སྣེ་འདྲེན་ཁེ་ལས་དང་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞིས་ཞིང་ཕྱུགས་ཐོན་རྫས་ཐོན་ལས་ཡོངས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ས་ཆ་དང་ཤེས་ལྡན་མི་སྣ། མ་དངུལ། ལག་རྩལ། ཚན་རྩལ་སོགས་གོང་འཕེལ་གཏོང་རྒྱུའི་རྒྱུ་རྐྱེན་སོ་སོ་ཞིང་ལས་དང་། གྲོང་གསེབ་ཏུ་འགྲོ་སྐྱོད་བྱེད་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུའི་འཕེལ་རིམ་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་རམ་འདེགས་བྱས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།