ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས“མཚོ་སྔོན་གྱི་ལོ་ངོ་བཅུ་བོ་འདིའི”མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཏང་ཙུའུ་ཁོངས་མི་དང་། ཅུའུ་ཀྲུང་གཞོན་པ་དབྱང་ཆིན་ཡོན་གྱིས་ངོ་སྤྲོད་བྱས་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་གཙོ་གནད་བྱ་བར་སྤྱི་འདོམས་ཀྱིས་སྐུལ་འདེད་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་གལ་ཆེའི་འཕེལ་རྒྱས་བྱུང་ནས། མཚོ་སྔོན་པོའི་བཞུར་རྒྱུད་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མགྱོགས་མྱུར་གྱིས་སླར་གསོ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུད་མཐུད་ངང་ལེགས་བཅོས་བྱས་པར་བརྗོད།
ལོ་ངོ་བཅུའི་རིང་། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་གཞི་གཅིག་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། རྩྭ་ས་ལེགས་བཅོས་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་། བྱ་འགོག་བྱེ་བཅོས་སོགས་ཀྱི་ཕྲེང་བསྟར་ལས་གཞིའི་བཟོ་སྐྲུན་ལག་བསྟར་བྱས། མཚོ་སྔོན་པོའི་ཆུ་གསོག་ཚད་མུ་མཐུད་དུ་འཕར་བ་དང་། བཞུར་རྒྱུད་ཆུའི་སྤུས་ཚད་རྒྱུན་མཐུད་ངང་གཏན་འཇགས། རྩྭ་ཐང་ཕྱོགས་བསྡུས་འདེབས་གསོའི་ཁེབས་ཚད་རིམ་པ་བཞིན་མཐོ་རུ་ཕྱིན་ནས། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མངོན་གསལ་གྱིས་ལེགས་བཅོས་བྱུང་། བཞུར་རྒྱུད80%ཡན་གྱི་རྒྱ་ཁྱོན་གྱི་སྐྱེ་ཁམས་མ་ལག་ལ་གདོད་མའི་རང་བཞིན་རྒྱུན་མཐུད་བྱུང་། 2021ལོར། མཚོ་སྔོན་པོའི་ཆུ་ངོས་ཀྱི་རྒྱ་ཁྱོན2012ལོ་ལས5.1%གིས་ཆེ་རུ་ཕྱིན་ནས། སྤྱི་ལེ་གྲུ་བཞི་མ4625.6ལ་སླེབས་པ་དང་། ཆུ་གནས་སྨི2.18གྱིས་མཐོ་རུ་ཕྱིན་པས། དུས་རབས20པའི་ལོ་རབས60ཡི་ཆུ་ཚད་སླར་གསོ་བྱས། དཔལ་དགེའི་ཆུ་དང་ཁྱོན་རྒྱས་ཆུ། འབྲོང་ཆུ་སོགས་ཀྱི་ཆུ་བོ8མཚེའུ་དང་གཙང་བོའི་ནང་བཞུར་ཚད་ཚད་ལེན་བྱས་པའི་ཆུའི་སྤུས་ཚད་རིགསIIཡན་གྱི་ཚད་གཞིར་སླེབས་ཤིང་། ས་ངོས་ཀྱི་ཆུའི་སྤུས་ཚད་ཚད་ལེན་བྱས་པའི་བཅད་ངོས་ཆུའི་སྤུས་ཚད་བཟང་ཚད100%ལ་སླེབས། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྩྭ་སའི་ཁེབས་ཚད་ཀྱི་རྒྱ་ཁྱོན2012ལོ་ཡི57.6%ལས་ཡར་འཕར་ནས70.5%ལ་སླེབས་པ་དང་། ཞན་འགྱུར་རྒྱ་ཁྱོན31.4%ནས23.7%བར་མར་ཆག རྩྭ་ས་ཕྱོགས་བསྡུས་འདེབས་འཛུགས་ཀྱི་ཁེབས་ཚད60%ལ་སླེབས་པ་དང་། བརླན་ས་སྲུང་འཛིན་བྱས་ཚད69%ལ་སླེབས་ཡོད།
ལོ་ངོ་བཅུའི་རིང་། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་ལེགས་བཅོས་བྱ་བ་དོན་འཁྱོན་བྱུང་ནས། སྔ་གཞུག་ཏུ་རྩྭ་ཐང་ཕྱོགས་བསྡུས་ལེགས་བཅོས་དང་། བརླན་ས་སྲུང་སྐྱོང་སོགས་ཀྱི་གཙོ་གནད་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས། ཕྲ་ཕུང་ཆུན་ནར་རྩི་ཤིང་ཚན་པ74དང། ཁོངས་གཏོགས269། རིགས759ལ་སླེབས། རི་སྐྱེས་སྒལ་ཚིགས་སྲོག་ཆགས་ཀྱི་ཚོགས27དང་། ཚན་པ70། ཁོངས་གཏོགས209། རིགས304ལ་སླེབས། ཉ་རིགས་ཐོན་ཁུངས་ཚན་པ2དང་། ཁོངས་གཏོགས3། རིགས8ལ་སླེབས། བྱ་རིགས་ཀྱི་གྲངས་འབོར་རིགས232ལ་སླེབས་པས། “མཚོ་བོད་མཐོ་སྒང་གི་གཞི་རྒྱུའི་མཛོད”མིང་དོན་མཚུངས་བར་བྱས། 2021ལོར། མཚོ་སྔོན་པོའི་གསར་ཉའི་ཐོན་ཁུངས་ཀྱི་གསོག་ཚད2012ལོའི་ཏུན་ཁྲི3.4ནས2021ལོར་ཏུན་ཁྲི10.8ལ་སླར་གསོ་བྱས་པས། ལྡབ2.2ཡིས་འཕར་ཡོད་པ་དང་། ཕུའུ་ཧྲི་དགོ་བའི་གྲངས་འབོར2012ལོའི750ལྷག་ནས2021ལོར2969ལ་སླར་གསོ་བྱས་པས། ལྡབ2.96གིས་འཕར་ཡོད། བརླན་སའི་འབབ་སྡོད་ཆུ་བྱའི་གྲངས་འབོར2012ལོའི་ཁྲི26.2ནས་ལྡབ1.2ཡིས་འཕར་ནས། ཁྲི57.1ལ་སླེབས་ཡོད་པས། མཐོ་སྒང་ཁོ་ནར་ཡོད་པའི“རྩྭ་ཐང—གཙང་བོ—མཚེའུ—ཉ—བྱ”སོགས་མཉམ་གནས་བྱེད་པའི་སྐྱེ་ཁམས་སྦྲེལ་ཐག་ཁ་ཕྱོགས་དོ་མཉམ་བྱུང་ཡོད།
ལོ་ངོ་བཅུའི་རིང་། མཚོ་སྔོན་པོའི་ལྗང་མདོག་འཕེལ་རྒྱས་ཀྱིས་དམངས་འཚོར་ཁེ་ཕན་བསྐྲུན་ནས། སྔ་གཞུག་ཏུ་སྐྱེ་ཁམས་ཡུལ་སྐོར་ལས་གཞིའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པས། ཡུལ་སྐོར་མི་འབོར་དང་ཡུལ་སྐོར་ཡོང་འབབ་ལོ་རེ་བཞིན་ཇེ་མཐོར་ཕྱིན་པ་དང་། 2012ལོ་ནས2021ལོར་བསྡོམས་པས་ཡུལ་སྐོར་མི་ཐེངས་ཁྲི1607.8ལ་སྣེ་ལེན་བྱས་པ་དང་། གསར་གཏོད་ཡུལ་སྐོར་ཡོང་འབབ་བསྡོམས་པས་དུང་ཕྱུར20.42ལ་སླེབས་པས། མི་ཁྲི2ལ་ཉེ་བའི་ལས་ཞུགས་ལ་སྣེ་ཁྲིད་བྱས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
“མཚོ་སྔོན་གྱི་ལོ་ངོ་བཅུ་བོ་འདིའི”མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།