ཀྲུང་གོ་བོད་ཀྱི་དྲ་བ།

【ཚོགས་ཆེན་ཉི་ཤུ་པའི་འཐུས་མི】 གོམ་རྩལ་འགྲན་རའི་ནང་གི་སྐལ་བཟང་མེ་ཏོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་གོམ་རྩལ་ལུས་རྩལ་པ་ཆོས་དབྱངས་སྐྱིད། 

dd95c77e-d582-428f-89aa-a02f3e65fc28.jpg

སྟོན་དུས་སུ། མཐོ་སྒང་ས་གཞི་ཆེན་མོར་སྐལ་བཟང་མེ་ཏོག་གིས་འཇོ་སྒེག་འགྲན་བཞིན་རྣམ་པར་བཞད། ཁོ་ཚོའི་ཡལ་འདབ་གཟེངས་སུ་རྒྱས། ཁ་དོག་གསལ་ཞིང་མཛེས་ལ་ཡང་ཤ་དོད་པའི་འདབ་མ་དག་ཉི་འོད་འོག་ཏུ་དཀར་པོ་མིག་ལ་མཛེས་ཤིང་། དམར་པོ་བཀྲག་མདངས་མཚེར་ལ་སྨུག་པོས་སྒེག་ཉམས་མཚར། བསིལ་རླུང་འཇམ་བུར་ལྡིང་དུས་མཁའ་དབུགས་ཁྲོད་དུ་དྲི་ཞིམ་གྱིས་ཁེངས་ཡོང་། 

འཛམ་གླིང་གི་གོམ་རྩལ་འགྲན་བསྡུར་གྱི་ལུས་རྩལ་ར་བར། རྒྱུན་ཆད་མེད་པར་ཐོལ་བརྒལ་ཡང་ཡང་བྱུང་ལ་བྱ་དགའ་ཡང་ཡང་ཐོབ་པའི་ཆོས་དབྱངས་སྐྱིད་ཀྱང་མཐོ་སྒང་དུ་བཞད་པའི་སྐལ་བཟང་མེ་ཏོག་ལྟར་ཆར་རླུང་ལ་མི་སྐྲག་པར་དཔའ་ངར་ཞུམ་མེད་སྒོས་གོམ་སྟབས་བརྟན་ལ་བློ་སྤོབས་ཆེན་པོས་ཉི་འོད་དང་འཇའ་ཚོན་མཐོང་འདོད་ཡོད། 

ཆོས་དབྱངས་སྐྱིད་ནི1990ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་ཧེ་ཡན་རྫོང་གན་ཝ་འགྱོགས་ཆུ་བོ་ཤང་གི་བོད་རིགས་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། རྩྭ་ཐང་དུ་འཚར་ལོངས་བྱུང་བའི་ཁོ་མོ་ཆུང་དུས་ནས་ལུས་རྩལ་ལ་ཧ་ཅང་དགའ། 2006ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་སླེབས་པ་ནས་བཟུང་ཉིན་ཞིག་ལ་ལུས་རྩལ་པ་ངོ་མ་ཞིག་ཏུ་འགྱུར་རྒྱུའི་ཕུགས་འདུན་བཅངས་ཡོད། 

2008ལོའི་ཟླ4པར། ལུས་རྩལ་གྱི་ལྷན་སྐྱེས་ནུས་པ་རིམ་བཞིན་མངོན་པའི་ཆོས་དབྱངས་སྐྱིད་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་གོམ་རྩལ་རུ་ཁག་ཏུ་ཚུད། ཆོས་དབྱངས་སྐྱིད་ཀྱིས་དད་སེམས་བརྟན་པོ་དང་དཀའ་སྤྱད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྦྱོང་བརྡར་བྱེད་ཐེངས་རེར་ཧ་ཅང་གཟབ་ནན་བྱས། ལྷག་པར་དུ་སྤྲོ་སྣང་གི་གཤིས་ཀ་དང་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་ལྡན་པས། ཁོ་མོ་སྦྱོང་བརྡར་བྱེད་ཐེངས་རེར་མགྱོགས་མྱུར་ངང་འཚར་ལོངས་བྱུང་ལ་སྦྱངས་འབྲས་ཀྱང་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཡོད། 

2010ལོའི་ཟླ6པར། ཆོས་དབྱངས་སྐྱིད་རྒྱལ་ཁབ་རུ་ཁག་གི་གཅིག་བསྡུས་སྦྱོང་བརྡར་ནང་དངོས་སུ་ཚུད་པ་རེད། དུས་དེ་ནས་བཟུང་། ཁོ་མོས་སྔར་ལས་མཐོ་བའི་སྦྱོང་བརྡར་གྱི་སྟེགས་བུ་དང་སྔར་ལས་ཆེ་བའི་ནུས་འདོན་བར་སྟོང་ཁྲོད་དུ་སྤྱིའི་རྩལ་འགྲན་ཆུ་ཚད་ལ་ངོ་བོའི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་དེ། “ཡངས་བའི་རྒྱ་མཚོར་ཉ་མོ་རྐྱལ་རྐྱལ་དང་མཐོ་བའི་མཁའ་རུ་བྱ་རྒྱལ་འཕུར་འཕུར”བྱས་པ་རེད། 

2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་། ཆོས་དབྱངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ25སྐར་ཆ16གི་རྒྱུགས་འབྲས་ཀྱིས་བུད་མེད་ཀྱི་སྤྱི་ལེ20ཡི་གོམ་རྩལ་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་བླངས(2022ལོའི་ཟླ3པའི་ཚེས22ཉིན་གསེར་གྱི་རྟགས་མར་རྗེས་གསབ་བྱས)པ་དང་ཨེ་ཤ་ཡའི་ཟིན་ཐོ་གསར་པ་བཏོད་དེ། རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་ཐོབ་པའི་བོད་རིགས་ལུས་རྩལ་པ་དང་པོར་གྱུར་ཞིང་། མཚོ་སྔོན་ཞིང་ཆེན་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ཏེ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་བཞག  

2016ལོར། ཆོས་དབྱངས་སྐྱིད་ཡང་བསྐྱར་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ནས་ཨང་ལྔ་པ་བླངས་པ་དང་། 2017ལོའི་སྐབས་བཅུ་གསུམ་པའི་ཐེན་ཅིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་ཨང་གཉིས་པ་བླངས། 2018ལོར་རྒྱ་གར་ཡ་ཅ་ཏའི་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་གོམ་རྩལ་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་བླངས། 2019ལོའི་ཟླ3པར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་འགྲན་བསྡུར་བུད་མེད་ཀྱི་སྤྱི་ལེ20ཡི་གོམ་རྩལ་འགྲན་བསྡུར་ཁྲོད་འཛམ་གླིང་སྐར་གསོག་གི་ཨང་རིམ་དང་པོ་ཐོབ་པ་དང་། ལོ་དེའི་ཟླ9པར་ཏོ་ཧའི་འཛམ་གླིང་བྱ་དགའི་འགྲན་བསྡུར་ནང་བུད་མེད་ཀྱི་སྤྱི་ལེ20ཡི་གོམ་རྩལ་འགྲན་བསྡུར་གྱི་ཨང་གཉིས་པ་བླངས།  

2021ལོའི་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཁྲོད། ཆོས་དབྱངས་སྐྱིད་ཀྱིས་བུད་མེད་ཀྱི་སྤྱི་ལེ20ཡི་གོམ་རྩལ་འགྲན་བསྡུར་ཁྲོད་ཨང་བདུན་པ་ཙམ་ལས་མ་ཐོབ་པར་ཡིད་ཕངས་ནའང་། ཁོ་མོས་གནོན་ཤུགས་ཆེན་པོར་གདོང་གཏད་ནས་ལྷོད་ངལ་ཙམ་ཡང་མེད་པར་ཧྲའན་ཞིིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཤིང་།  ལིའུ་ཧུང་དང་དབྱང་ཅ་ཡུས། དབྱང་ལིའུ་ཅིང་སོགས་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ལུས་རྩལ་པ་དག་དང་མཉམ་དུ་འགྲན་བསྡུར་བྱས་ནས། ཞུམ་མེད་ཀྱི་སྙིང་རུས་དང་འགྱུར་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་མཚོ་སྔོན་འཐུས་ཚབ་ཚོགས་པར་རྩ་ཆེ་བའི་དངུལ་གྱི་རྟགས་མ་ཞིག་བླངས།  

ཆོས་དབྱངས་སྐྱིད་ཐེངས་གསུམ་ལ་ཨོ་རྩལ་འགྲན་བསྡུར་ལ་ཞུགས་ནས་མཚོ་སྔོན་གྱི་གོམ་རྩལ་འགྲན་བསྡུར་གྱི་ལོ་རྒྱུས་བཏོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་བསྟུད་མར་ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལུས་རྩལ་པ་ཐོག་མར་གྱུར་ལ། རང་རྒྱལ་གྱི་བསྟུད་མར་ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་པའི་བོད་རིགས་ལུས་རྩལ་པ་ཐོག་མར་ཡང་གྱུར། 

རྒྱུན་འཁྱོངས་བྱེད་པར་དཀའ་ལས་ཁག་མོད་འབད་བརྩོན་བྱས་ན་འབྲས་བུ་ཡོད་ངེས། 2022ལོའི་ཟླ4པའི་ཚེས23ཉིན། སི་ལོ་ཧྥ་ཁིར་འཚོགས་པའི2022ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་འགྲན་བསྡུར་གྱི་གོམ་རྩལ་སྐོར་སྐྱོད་འགྲན་བསྡུར(གསེར་རྟགས་འགྲན་བསྡུར)ཁྲོད། ཆོས་དབྱངས་སྐྱིད་ཀྱིས་སྔར་བཞིན་རྩལ་འགྲན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས་ཆུ་ཚོད2དང་སྐར་མ43སྐར་ཆ06གིས་བུད་མེད་ཀྱི་སྤྱི་ལེ35ཡི་གོམ་རྩལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཤིང་། མི་སྒེར་གྱི་རྣམ་གྲངས་དེའི་གྲུབ་འབྲས་བཟང་ཤོས་བཏོད་པ་རེད།  

2022ལོའི་ཟླ5པའི་ཚེས29ཉིན། པེ་ཅིང་གི་དུས་ཚོད་ཐོ་རེངས་དུས་སུ་མཇུག་འགྲིལ་བའི2021/22ཀྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གོམ་རྩལ་སྐོར་སྐྱོད་འགྲན་བསྡུར་གྱི་སི་ཕེན་ལ་ཁི་ལུའུ་ཉི་ཡ་ས་ཚིགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་གོམ་རྩལ་འགྲན་བསྡུར་ཁྲོད། ཆོས་དབྱངས་སྐྱིད་ཀྱིས་ང་རྒྱལ་སྐྱེ་འོས་པའི་གྲུབ་འབྲས་ཀྱིས་ཨང་དང་པོ་བླངས་པ་དང་། དེ་ནི་ཁོ་མོས་འགྲན་དུས་དེའི་གོམ་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་ཐེངས་གསུམ་པ་རེད། 

བོད་རིགས་འབྲོག་པའི་ཁྱིམ་ཚང་དཀྱུས་མའི་བུ་མོ་ཞིག་ནས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་གོམ་རྩལ་འགྲན་བསྡུར་གྱི་ལུས་རྩལ་པར་གྱུར་པ་དང་། ཐེངས་དང་པོར་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་ནས་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་བར། རྒྱ་གར་གྱི་ཡ་ཅ་ཏ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ནས་སི་ཕན་ལ་ཁི་ལུའུ་ཉི་ཡའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་འགྲན་བསྡུར་གྱི་གོམ་རྩལ་སྐོར་སྐྱོད་འགྲན་བསྡུར་བར། མཚོ་སྔོན་མཐོ་སྒང་གི་བོད་རིགས་བུ་མོ་འདིས་དཀའ་བ་ཚད་མེད་སྤྱད་ནས་མདུན་དུ་བསྐྱོད་དེ་རང་ཉིད་ཀྱི་འབད་འཐབ་ལས་རྣམ་པར་རྒྱལ་ཅིང་འཛམ་གླིང་སྐྱེ་བོ་ཀུན་ཧང་སངས་བར་བྱས་ཤིང་བསྔགས་བརྗོད་ཐོབ། ཐེངས་རེ་རེར་རང་ཉིད་ཀྱི་འོད་སྟོང་འཕྲོ་བའི་དུས་སྐབས་རེ་རེ་བསུས་ཤིང་འཛམ་གླིང་ལ་མཚོ་སྔོན་མི་དམངས་ཀྱི་ཉམས་འགྱུར་ཡང་ངོམ་ཡོད། 

ཐེངས་དུ་མར་རྒྱལ་སྤྱིའི་འགྲན་བསྡུར་གྱི་བྱ་དགའ་མཐོ་ཤོས་ཀྱི་སྟེགས་བུའི་ཐོག་ལངས་པས། ཆོས་དབྱངས་སྐྱིད་མཚོ་སྔོན་གྱི་སྐྱེ་བོ་ཀུན་གྱིས་ཤེས་པའི་ཕུལ་བྱུང་ལུས་རྩལ་པ་ཞིག་ཏུ་གྱུར་ཡོད། དེའི་རྒྱབ་ཏུ་ཁོ་མོས་ལུས་རྩལ་ལ་བཅངས་པའི་བརྩེ་བ་དང་དགའ་ཞེན་ཡོད་ལ་ནམ་ཡང་བློས་མི་གཏོང་བའི་འབད་བརྩོན་ཡང་ཡོད།  

“ལོ་མང་པོར་རྒྱུན་འཁྱོངས་བྱས་པའི་རྒྱུ་རྐྱེན་གཙོ་བོ་ནི་ལུས་རྩལ་ལ་དགའ་བས་ཡིན་ལ། སྔ་རྗེས་སུ་གྲུབ་འབྲས་ཕྲན་བུ་རེ་ཐོབ་རྗེས་རང་ཉིད་ཀྱི་འབད་བརྩོན་གྱིས་མི་གཞན་ལ་ཤུགས་རྐྱེན་གཏོང་བཞིན་པ་ཤེས་པ་དང་། མི་མང་པོས་ངའི་ཤུགས་རྐྱེན་འོག་ལུས་རྩལ་གྱི་ལམ་བུར་ཞུགས་པ་མཐོང་ལ།  ད་དུང་འབྲོག་ཁུལ་གྱི་བྱིས་པ་མང་པོས་ལུས་རྩལ་གྱི་ལམ་བུར་བསྐྱོད་དེ་རང་ཉིད་ཀྱི་དམིགས་ཡུལ་དང་རིན་ཐང་། ཕུགས་འདུན་འཚོལ་བཞིན་ཡོད་པ་མཐོང་བྱུང”ཞེས་ཆོས་དབྱངས་སྐྱིད་ཀྱིས་བཤད། དང་ཐོག་ངས་གཅིག་པུས་འབད་བརྩོན་བྱས་པ་ནས་ད་ལྟ་མི་མང་པོས་ང་དང་མཉམ་དུ་འབད་པ་བྱེད་པར་ཤུགས་རྐྱེན་བཟོས་ཡོད། འདིས་ངས་རང་ཉིད་ཀྱིས་རྒྱུན་འཁྱོངས་དང་འབད་བརྩོན་དག་ཧ་ཅང་འོས་ཤིང་རིན་ཐང་ལྡན་པར་འདོད་ལ། ངས་ཀྱང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་སྲིད།

ཁོ་མོས་བལྟས་ན། ཏང་ཡོན་རྒན་པ་ཞིག་དང་ཕུལ་བྱུང་ལུས་རྩལ་པ་ཞིག་ཡིན་པའི་ཆ་ནས། ཁྱད་དུ་འཕགས་པའི་ལུས་རྩལ་སྦྱངས་འབྲས་ཡོད་དགོས་པ་མ་ཟད། བསམ་པའི་བྱང་ཚད་ཀྱང་ལེགས་པོ་ཞིག་ཡོད་དགོས། དེར་བརྟེན་འགྲན་བསྡུར་ཕུད། ཆོས་དབྱངས་སྐྱིད་ཀྱིས་ཐོག་མཐའ་ཀུན་དུ་སློབ་སྦྱོང་བྱ་རྒྱུ་དེ་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ལས་འགན་དང་པོར་བརྩིས་ནས། བྲེལ་འཚུབ་ཆེ་བའི་སྦྱོང་བརྡར་དང་འགྲན་བསྡུར་གྱི་ཞོར་དུ་དུས་ཚོད་ཡོད་ཚད་སྤྱད་དེ་དཔེ་དེབ་དང་ཚགས་པར་ཀློག་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་ལ་ལྟ་ཉན་བྱས་ཤིང་། སྐབས་དོན་གསར་འགྱུར་ལྟ་ཀློག་བྱས་ཏེ་རང་ངོས་ཀྱི་སློབ་སྦྱོང་ལ་ཤུགས་བསྣན་ནས་འབད་འབུངས་ཡར་བརྩོན་གྱི་ཡིད་ཆེས་དང་དད་སེམས་སྲ་བརྟན་དུ་བཏང་ཡོད། 

ཆོས་དབྱངས་སྐྱིད་ཀྱིས་བཤད་རྒྱུར། “མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་པ་དེ་ངའི་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་ལ། འགན་འཁྲི་ཧ་ཅང་ལྕི་པོ་ཞིག་ཡིན་པ་ཚོར། འདི་ནི་ཏང་དང་མི་དམངས་ཀྱིས་ང་ལ་ཡིད་ཆེས་དང་ལྕག་སྐུལ་གནང་ཡིན། ངས་ཡིད་ཆེས་དང་ལྕག་སྐུལ་འདི་འགན་འཁྲི་གཙང་སྒྲུབ་བྱེད་པའི་སྒུལ་ཤུགས་དང་སྤྲོ་སེམས་ལ་བསྒྱུར་ནས། མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་གྱིས་སྦྱོང་བརྡར་དང་འགྲན་བསྡུར་བྱས་ནས་རང་འགན་ཡག་པོར་སྒྲུབ་སྟེ། བྱ་སྤྱོད་དངོས་དང་ཕུལ་བྱུང་གི་ལུས་རྩལ་གྲུབ་འབྲས་ཀྱིས་ཕ་ཡུལ་དང་མེས་རྒྱལ་ལ་གཟི་བརྗིད་ཀྱི་མཚན་སྙན་སྔར་བས་མང་བ་བརྩོན་ལེན་བྱ་རྒྱུ་ཡིན

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།