ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཁེ་ལས་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་ལོ་བཅུར་བསྟུད་མར་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་བཅུ་ཡི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་འགན་སྲུང་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ལས་ཁུངས་ལས་དོན་སྡེ་ཁག་དང་ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་བདེ་བླག་ངང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་བཙུགས་པ་དང་། ཐོག་དང་པོར་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་ཞིང་ཆེན་རིམ་པའི་གཅིག་གྱུར་མངོན་འགྱུར་བྱས་པས། མཁར་གྲོང་ལ་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས། མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་། རིགས་སོ་སོའི་མང་ཚོགས་ཀྱིས་མཁར་གྲོང་དང་ས་ཁོངས། ཕོ་མོ། ལས་རིགས་བཅས་ཀྱི་དབྱེ་བ་མེད་པར། དགུང་ལོ་མཐོ་བ་དང་ལས་ཤོར། ལས་རྨས། དབུལ་ཕོངས་སོགས་ཀྱི་ཉེན་ཁའི་མདུན་དུ་འབྲེལ་ཡོད་ཀྱི་ལམ་ལུགས་འགན་སྲུང་ཡོད་པ་རེད།

སྤྱི་ཚོགས་འགན་སྲུང་གི་ཁེབས་པའི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་བསྐྱེད་པ། ཞིང་ཆེན་ཡོངས་ཀྱི་རྒན་གསོ་འགན་བཅོལ་དང་ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་སོགས་ཀྱི་འགན་བཅོལ་ཁྲོད་ཞུགས་པའི་མི་གྲངས་སོ་སོ་ནས་མི་ཁྲི432དང་མི་ཁྲི55། མི་ཁྲི96བཅས་ལ་སླེབས། དེ་ལོ་བཅུའི་སྔོན་དང་བསྡུར་ན་སོ་སོར65%དང་། 47.5%དང95%འཕར་ཡོད་པས། ཁྲིམས་བཀོད་མི་གྲངས་ཡོངས་སུ་ཁྱབ་པ་དང་མི་རེ་རེས་འགན་བཅོལ་ལོངས་སུ་སྤྱོད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས། ད་ལོར། མྱུར་སྐྱེལ་བསྐྱལ་མཁན་ཡང་ལས་རྨས་འགན་བཅོལ་གྱི་དམིགས་བསལ་ཁྱབ་ཁོངས་ཁྲོད་བཅུག་པས། ཁོ་ཚོའི་དགའ་བསུ་ཆེན་པོ་ཐོབ།

སྤྱི་ཚོགས་འགན་སྲུང་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་ལོ་བཅུར་བསྟུད་མར་འཕར་སྣོན་བྱུང་བ་དང་། མི་རེའི་ཆ་སྙོམས་ཀྱི་ཟླ་རེའི་ཡོང་སྒོ་སྒོར1906ལོ་ནས་སྒོར3749ལ་སླེབས་ཡོད་དེ་ལྡབ་གཅིག་གི་འཕར་སྣོན་བྱུང་། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཆུ་ཚད་ཐེངས8ལ་ཇེ་མཐོར་བཏང་སྟེ། མི་རེར་ཟླ་རེར་སྒོར55ནས་སྒོར185བར་ཇེ་མཐོར་བཏང་བ་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་ལས་ལྡབ1གིས་ཇེ་མཐོར་སོང་ཡོད། ལས་ཤོར་འགན་བཅོལ་གྱི་ཚད་གཞི་ཐེངས4ལ་ལེགས་སྒྲིག་བྱས་ཏེ། ཟླ་རེར་ཆ་སྙོམས་སུ་སྒོར530ཡོད་པ་དང་སྒོར1530བར་ཇེ་མཐོར་བཏང་ནས་ལྡབ2ཀྱིས་འཕར་སྣོན་བྱུང་། རྨས་སྐྱོན་ཁ་གསབ་དང་། འཚོ་བའི་བདག་སྐྱོང་གྲོན་དངུལ། བདག་སྐྱོང་ཁྱིམ་མིའི་གཟིགས་སྐྱོང་མ་དངུལ་སོགས་ཀྱི་ཚད་གཞི་ཐེངས10ལ་ལེགས་སྒྲིག་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།