ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཕན་བདེ་མ་ལག་གི་འཛུགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ལོ་ལོན་རྒན་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་མྱུར་དུ་འཐུས་ཚང་དུ་བཏང་བ་དང་། དབང་བོ་སྐྱོན་ཅན་དང་དྭ་ཕྲུག་སོགས་ཀྱི་སྤྱི་ཚོགས་ཕན་བདེ་ལམ་ལུགས་ལེགས་བཅོས་བྱས་ཤིང་། གྲོང་གསེབ་ཀྱི་སྤྱི་ཚོགས་ཕན་བདེ་བྱ་བའི་མི་འདང་ས་ཁ་གསབ་བྱས་ཏེ། སྤྱི་ཚོགས་ཕན་བདེའི་མ་ལག་གི་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ལོ་ལོན་རྒན་པའི་ལོ་ལོན་ཁ་གསབ་དངུལ་དང་དཔལ་འབྱོར་དཀའ་ཁག་ཅན་གྱི་ལོ་ལོན་རྒན་པའི་ཞབས་ཞུའི་ཁ་གསབ་དངུལ། བྱེད་ནུས་ཉམས་པའི་ལོ་ལོན་རྒན་པའི་ལྟ་སྐྱོང་ཁ་གསབ་དངུལ་བཅས་ཀྱི་ལམ་ལུགས་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། དཀའ་ཁག་ཅན་གྱི་ལོ་ལོན་རྒན་པའི་ཚད་མཐའི་འགན་སྲུང་ཤུགས་དྲག་ཏུ་བཏང་བ་དང་། ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་ལོ་ལོན་རྒས་གྲས་དང་བྱེད་ནུས་ཉམས་པ་སོགས་དཀའ་ཁག་ཅན་གྱི་ལོ་ལོན་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག་སྟེ། འགན་སྲུང་བྱེད་འོས་པ་སྲུང་ཅི་ཐུབ་དང་གཉོར་འོས་པ་གཉོར་ཅི་ཐུབ་བྱེད་པ་མངོན་འགྱུར་བྱས། གཞུང་སྒྲུབ་རྒན་གསོའི་ལས་ཁུངས་ཀྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཁྱིམ་སྡོད་དང་གཞིས་ཁུལ་རྒན་གསོའི་ཞབས་ཞུ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་དང་། དཔལ་འབྱོར་དཀའ་ཁག་ཅན་དང་། བྱེད་ནུས་ཉམས་པའི་ལོ་ལོན་རྒན་པ་གཙོ་བོ་བྱས་ཏེ་ཞབས་ཞུ་འདོན་སྤྲོད་བྱས། དམིགས་བསལ་དཀའ་ཁག་ཅན་གྱི་ལོ་ལོན་རྒན་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁེར་འདུག་དང་ཤུལ་མེད། བུ་ཕྲུག་གམ་དུ་མེད་པའི་ལོ་ལོན་རྒན་པའི་གཅེས་སྐྱོང་ཞབས་ཞུ་ཤུགས་དྲག་ཏུ་བཏང་ནས། ཁོ་ཚོས་ཚེ་མཇུག་སྐྱིད་པོ་ཞིག་རོལ་ཐུབ་པར་རོགས་རམ་བྱས་ཡོད།

ཞིང་ཆེན་ཡོངས་ནས་སྤྱི་ཕན་རང་བཞིན་གྱི་བྱིས་པའི་ཕན་བདེ་ལམ་ལུགས་གཙོར་བཟུང་སྟེ། འགན་སྲུང་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་བཏང་བ་དང་། དོན་དངོས་ཀྱི་བྱིས་པ་བདག་མེད་དང་། གྲོང་གསེབ་ཀྱི་ཕ་མ་གམ་དུ་མེད་པའི་བྱིས་པ་སོགས་དཀའ་ཁག་ཅན་གྱི་བྱིས་པ་ཚང་མ་གཅེས་སྐྱོང་ཞབས་ཞུའི་མ་ལག་ནང་བཞག དྭ་ཕྲུག་སོགས་དམིགས་བསལ་བྱིས་པའི་ཚོགས་ཁག་གི་འགན་སྲུང་ཆུ་ཚད་རིམ་བཞིན་ཇེ་མཐོར་བཏང་བ་དང་། གཅིག་བསྡུས་གཉོར་སྐྱོང་བྱེད་པ་དང་སྤྱི་ཚོགས་སྟེང་ཁ་འཐོར་དུ་གནས་པའི་བྱིས་པ་དྭ་ཕྲུག་གི་འགན་སྲུང་ཚད་གཞི་བསྟུད་མུར་ཇེ་མཐོར་བཏང་། བྱིས་པ་དྭ་ཕྲུག་ལ་སྨན་བཅོས་དང་སློབ་གྲྭར་འགྲོ་བར་རོགས་བྱེད་པ་སོགས་ཀྱི་ཕན་བདེའི་རྣམ་གྲངས་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྟོང་གཅིག་དང་བདུན་བརྒྱ་ལྷག་ལ་ཕན་པ་བསྐྲུན། བྱིས་པ་དྭ་ཕྲུག་སུམ་བརྒྱ་ལྷག་གི་སློབ་ཆེན་རེ་འདུན་སྐོང་བར་རོགས་བྱས། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་ནར་སོན་མེད་པའི་བྱིས་པའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་མཐུན་སྦྱོར་རྐྱེན་སྲོལ་གྱི་ཡོངས་ཁེབས་བྱ་བ་མངོན་འགྱུར་བྱས་པ་དང་། གྲོང་རྡལ་གྱི་བྱིས་པའི་ལྟ་རྟོག་པ་དང་གྲོང་གསེབ་གཞིས་ཁུལ་གྱི་བྱིས་པའི་ཀྲུའུ་རིན་ཏེ་དཔུང་ཁག་གཉིས་ཀྱི་སྡེབ་སྒྲིག་ཡོངས་ཁེབས་མངོན་འགྱུར་དང་། སྡེ་བ་དང་གཞིས་ཁུལ་གྱི་བྱིས་པའི་ཁྱིམ་ཞེས་པའི་ཡོངས་ཁེབས་ཀྱི་ཚད་བརྒྱ་ཆའི་དགུ་བཅུ་ཡན་དུ་སླེབས་ནས། ནར་སོན་མེད་པའི་བྱིས་པའི་གཅེས་སྐྱོང་ཞབས་ཞུ་འཐུས་ཚང་དུ་གྱུར།

ཞིང་ཆེན་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དངུལ་དང་ཚད་མཐོའི་དབང་བོ་སྐྱོན་ཅན་གྱི་ལྟ་སྐྱོང་ཁ་གསབ་དངུལ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་བརྒལ་ནས་སྒྲུབ་ཐུབ་པ་དང་བརྒྱུད་རིམ་ཧྲིལ་བོ་དྲ་ཐོག་ཏུ་སྒྲུབ་པ་གཉིས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། མིག་སྔའི་བར་དུ། ཁ་གསབ་དངུལ་སྣ་གཉིས་པོས་དབང་བོ་སྐྱོན་ཅན་འབུམ་གཅིག་ཁྲི་གཅིག་དང་སྟོང་དྲུག་ལ་ཕན་པ་བསྐྲུན་ཡོད། དེ་དང་མཉམ་དུ། བདེ་ཐང་སླར་གསོའི་ཡོ་བྱད་གཞིས་ཁུལ་ནས་གླ་བའི་ཚོད་ལྟའི་བྱ་བ་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་སུ་ལྟེ་གནས་ཞབས་ཞུའི་ཚོད་ལྟ་ཁུལ་བཅོ་ལྔ་བཙུགས་པ་དང་། གྲོང་གསེབ་དང་གཞིས་ཁུལ་བརྒྱ་དང་དྲུག་ལ་ཁེབས་ནས། རྒྱ་ཆེའི་ལོ་ལོན་རྒན་པ་དང་དབང་བོ་སྐྱོན་ཅན་སོགས་དགོས་མཁོ་ཅན་གྱི་མིས་རིན་མེད་ངང་བདེ་ཐང་སླར་གསོའི་ཡོ་བྱད་གླ་ཐུབ་པར་སྟབས་བདེ་བསྐྲུན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།