ཀྲུང་གོ་བོད་ཀྱི་དྲ་བ།

《རྨད་བྱུང་གི་ལོ་བཅུའི་མཚོ་སྔོན་ལ་ལྟ་བའི་ཕྲེང་བསྟར་འཕྲིན་གསར་ལས། ཀྲུང་ཧྭའི་ཆུ་མཛོད》

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་ནམས་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཉེ་བའི་ལོ་འགའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཅིག་གྱུར་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཡོད། “ཀྲུང་ཧྭའི་ཆུ་མཛོད”དང་སའི་གོ་ལའི་སྣེ་གསུམ་པའི་སྲུང་སྐྱོང་བྱ་སྤྱོད་སྤེལ་ཏེ། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་དང་གསོ་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་།  གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དང་། མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་།  མཚོ་སྔོན་པོ་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར། བྱེ་འགོག་བྱེ་བཅོས་སོགས་སྐྱེ་ཁམས་སྲུང་སྐྱོང་དང་ཞིག་གསོ་བཟོ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་གཙང་བོ་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་ཀྱི་བཅད་ངོས་ཚད་གཞིའི་བསྡུར་ཚད་ཚང་མ་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་སླེབས་ཤིང་། ས་ཁོངས་ཀྱི་སྐྱེ་ཁམས་ནུས་པ་ཟམ་མི་ཆད་པར་ལེགས་བཅོས་བྱུང་བ་དང་། ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་ནུས་པ་སྔར་བས་འབུར་དུ་ཐོན་ལ།  ནགས་ཚལ་ཁེབས་ཚད་དང་རྩྭ་ཐང་ཕྱོགས་བསྡུས་ཀྱིས་སྔོ་ཁེབས་བྱུང་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་དང་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་སྐྱོང་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་བ་དང་། མདོ་ལ་རིང་མོའི་ས་ཁུལ་གྱི་ལོ་ཧྲིལ་བོའི་ཆུ་འབབ་ཚད27.5%འཕར་ཡོད། 

བརྙན་ངོས་སུ་སྐྱེ་འཚར་མཛེས་ལ་ནུས་རྩལ་སྐྱེན་པའི “རྔོན་པ་ཆུང་ཆུང”དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་སྟེ་ཨོ་ཡ་ཆུ་སྲམ་རེད། 

2018ལོ་ནས་ད་བར་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་ཆུ་བོ་དང་རྫ་ཆུའི་རྒྱུད་ན་བཙུགས་ཡོད་པའི་མཚོ་སྔོན་སྐྱེ་ཁམས་ཀྱི་སྐར་ཁུང་སྟེ་རྒྱང་བསྟེན་དྭངས་གསལ་བརྙན་མིག་གིས། ཨོ་ཡ་ཆུ་སྲམ500ལྷག་གི་འགུལ་སྐྱོད་ཀྱི་པར་རིས་ཆིག་སྟོང་ལྷག་བླངས་ཡོད། 

ཨོ་ཡ་ཆུ་སྲམ་ནི་གཙང་བོའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་གཙོ་བོ་ཡིན་པ་དང་དེར“ཆུ་ནང་གི་དོམ་ཁྲ”ཞེས་བརྗོད་ཅིང་། མང་ཆེ་བས་ཆུ་འགྲམ་གྱི་བྲག་ཕུག་ནང་གནས་བཅས་ཡོད་ལ། འཚོ་གནས་ཁུལ་མཐའ་འཁོར་གྱི་ཆུའི་སྤུས་ཚད་ལ་བླང་བྱ་མཐོན་པོ་ཡོད་པ་རེད།  དེ་ནི་བདེ་ཐང་གི་ཆུའི་ནང་གི་ཕྱོགས་སྟོན་སྐྱེ་དངོས་རིགས་གལ་ཆེན་ཞིག་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་རིན་ཐང་གལ་ཆེན་ལྡན་ཡོད།  ཨོ་ཡ་ཆུ་སྲམ་གནས་པ་དེའི་ཐོག་ནས་འབྲི་ཆུའི་ཆུ་ལག་རྫ་ཆུའི་ཆུ་ཡི་སྤུས་ཚད་ཇེ་ལེགས་སུ་སོང་བ་མཚོན་ཡོད།

རྫ་ཆུ་ནི་གཙང་གསུམ་འབྱུང་ཡུལ་གྱི་ཆུ་རྒྱུན་མང་པོའི་གྲས་ཤིག་ཡིན་ཞིང་། མཚོ་སྔོན་གྱི་ས་གཞི་ཆེ་མོར་རྒྱང་ལྟ་བྱས་ཚེ། དེ་ནི་ཨེ་ཤེ་ཡར་འབབ་པའི་གཙང་པོ་དང་ཆུ་བོ་ཆེན་པོ་གསོ་སྐྱོང་བྱས་པ་ཆེས་མང་ཤོས་དང་ཆེས་གཅིག་སྡུད་ཁུལ་ཡིན་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་དང་དེ་བཞིན་རང་རྒྱལ་གྱི་སྐམ་སའི་གཙང་པོ་ཆེ་གྲས་གཉིས་པ་སྟེ་ཧེ་ཧུ་གཙང་བོའང་འདི་ནས་འབབ་པ་ཡིན་པས། འཛམ་གླིང་ཐོག་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པར་བརྟེན“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡོད། 

གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་མཛོད” སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་མཚོ་སྔོན་གྱི་གཟུར་མེད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། དེའི་ཐད་ལས་འཛོལ་ཕྲན་ཙམ་ཡང་འབྱུང་མི་རུང་། 

ད་ལྟ། “རྨ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ”ཞེས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་བསྐྱོད་སྐབས། རྨ་ཆུའི་མགོ་ཁུངས་ཀྱི“གཅེན་གཅུང་མཚེའུ”སྟེ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་སྔོ་ཐིང་ངེར་འཁྱིལ་ནས་མཚོ་ངོས་སུ་ཆུ་བྱ་སྣ་ཚོགས་རྩེད་འཇོར་རོལ་བ་དང་། མཚོ་འགྲམ་དུ་ནོར་ལུག་གིས་གནམ་ས་ཁེབས་པསོགས་ཀྱི་བག་ཕེབས་ཀྱི་རྣམ་པ་ཞིག་མཐོང་ཐུབ།

རྫ་ཆུའི་འབྱུང་ཡུལ་དུ་ཆགས་པའི་རྫ་སྟོད་རྫོང་རྣམ་སྲས་ཤང་དུ་། རྫ་ཆུ་ཡིས་འདི་གར་མཛེས་སྡུག་གི་གཞུ་དབྱིབས་ཅིག་བྲིས་ཏེ། ཡུལ་ལྗོངས་ངོ་མཚར་ཆེ་ལ་བརྗིད་ཉམས་ལྡན་པའི་རྣམ་སྲས་གྲོག་རོང་ཆེན་པོ་གྲུབ་ཡོད། གྲོག་རོང་གཡས་གཡོན་དུ་ལྷུན་པོའི་བང་རིམ་བརྩེགས་ཤིང་། ས་དམར་ས་དབྱིབས་ངོ་མཚར་ཆེ་ལ་མཛེས་བའི་འགྲན་ཟླ་བྲལ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་པོའི་ཁེ་རམས་ཐང་མཛེས་ལྗོངས་ཁུལ་དུ་བསྐྱོད་སྐབས། མུ་མཐའ་མེད་པའི་མཚོ་ངོས་དང་ནམ་མཁའ་གཅིག་ཏུ་འབྲེལ་ཞིང་།  མེ་ལོང་ལྟ་བུའི་མཚེའུ་དང་ཅི་དགར་རྩེད་འཇོར་རོལ་བའི་བྱ་ཁྱུ།  སྔོ་ཞིང་དྭངས་བའི་ནམ་མཁའ་བཅས་ལས་གདོད་མའི་སྐྱེ་ཁམས་ཀྱི་མཛེས་ཉམས་ཤིག་ངང་གིས་མངོན་ཡོད།  ཁེ་རམས་ཐང་ནི་མཚོ་སྔོན་པོའི་གསེར་ཉ་དང་།  ཆུ་སྐྱར། ཆུ་སྐྱར་མགོ་སྐྱ།  ཁྲུང་ཁྲུང་མགོ་ཁྲ་སོགས་འདབ་ཆགས་རིགས་བཅུ་ཕྲག་ཁ་ཤས་ཀྱི་འཚོ་གནས་ཁུལ་གལ་ཆེན་ཡིན་པ་དང་། ལོ་རེའི་དཔྱིད་ཀ་དང་སྟོན་ཁར་གནས་སྤོའི་བྱ་རིགས་མང་པོས་ས་འདི་གར་ངལ་གསོ་བྱེད་པ་ཡིན་པས། གནས་འདི་ནི་ཉའི་ཁྱིམ་གཞིས་དང་འདབ་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།

ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི‘རྒྱལ་དོན་ཆེན་མོ’ཡིན་པའི་སྐོར་གྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། སྐྱེ་ཁམས་སྲུང་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གོ་གནས་སུ་འཇོག་པ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་སྲུང་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”དེ་བས་སྲ་བརྟན་དང་ཕུན་སུམ་ཚོགས་པོ་ཡོང་བར་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།