ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཤང་གྲོང་དུ་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁྱབ་ཚད100%ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས20ཉིན། “མཚོ་སྔོན་གྱི་ལོ་ངོ་བཅུ”ཡི་གནམ་གཤིས་ཆེད་དོན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས། རྒྱུས་ལོན་པ་ལྟར་ན། ལོ་ངོ་བཅུ་ཡི་རིང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ས་ངོས་གནམ་གཤིས་བརྟག་དཔྱད་ཚད་འཇལ་ས་ཚིགས་ཀྱི་སྟུག་ཚད་དེ་ཁྲི་སྤྱི་ལེ་གྲུ་བཞི་མ2.54ནས་ཁྲི་སྤྱི་ལེ་གྲུ་བཞི་མ11.27བར་ཇེ་མཐོར་སོང་ནས། ཤང་གྲོང་གི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁྱབ་ཚབ100%ལ་སླེབས།

LOCAL166366753416309025DJV72.jpg

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།

    ལོ་ངོ་བཅུ་ཡི་རིང་། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་ཚན་རྩལ་གྱི་སྔོན་འགྲོ་དང་ལྟ་ཞིབ་ཚད་ལེན། སྔོན་བརྡ་གནད་ལ་འཁེལ་བ། ཞབས་ཞུ་ཞིབ་ཚགས། མི་དམངས་བློ་ཡིད་ཚིམ་པའི་དེང་རབས་ཀྱི་གནམ་གཤིས་མ་ལག་བཅས་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་མཚོ་སྔོན་གྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ལ། དུས་རིམ་གསར་བར་མཚོ་སྔོན་གྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

      དེའི་ཁྲོད་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་འཛུགས་སྐྲུན་ཐད། ལོ་ངོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་རླུང་སྐུད་ལེ་ཏ་དང་། སྤྲིན་རླུང་སྲུང་སྐར་གྱི་ཞིང་ཆེན་རིམ་པའི་ས་ངོས་བསྡུ་ལེན་ས་ཚིགས། སྐུལ་འོད་ལེ་ཏ། རླུང་ཁམས་ཆེན་པོའི་ཚད་དཔྱད་ཆས་སོགས་སྔོན་ཐོན་སྒྲིག་ཆས་སྔ་རྗེས་སུ་བེད་སྤྱོད་བཏང་ནས“གནམ་ས་སྟོང”གི་ཕྱོགས་གསུམ་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་རགས་ཙམ་སྐྲུན་ཡོད། རྒྱལ་ཡོངས་ཀྱི་སྔོན་དུ་ས་བབ་མཐོ་བའི་དཀའ་ཚེགས་ཆེ་བའི་མེ་འཁོར་དང་ས་ཚིགས་སུ་ལས་རེས་བྱེད་མཁན་མེད་པ་དང་ས་ངོས་ཀྱི་ལྟ་དཔྱད་ཚད་འཇལ་ཚང་མ་རང་འགུལ་ཅན་དུ་གྱུར་ཡོད། སྲུང་སྐར་རྒྱང་ཚོར་མ་ལག་གཙོ་བོར་བྱེད་པ་དང་ས་ངོས་སྐྱེ་ཁམས་གནམ་གཤིས་ལྟ་དཔྱད་ཚད་འཇལ་རམ་འདེགས་སུ་བྱེད་པའི་སྐྱེ་ཁམས་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་ཀྱི་དྲ་བ་བཙུགས་ནས། མཐོ་གྲང་སྤང་ས་དང་མཐོ་གྲང་འདམ་ར། མཐོ་གྲང་ཐང་རྒོད་སོགས་དམིགས་བསལ་གྱི་མཐོ་གྲང་སྐྱེ་ཁམས་མ་ལག་གི་ཕྱི་རོལ་སྐྱེ་ཁམས་ལྟ་དཔྱད་དང་ཚོད་ལྟའི་ས་ཚིགས་སྐོར་དང་པོའི་ཁྲོད་བདམས་པ་རེད།

གནམ་གཤིས་སྔོན་བརྡའི་སྔོན་དཔག་ཆུ་ཚད་མཐོ་རུ་གཏོང་བའི་ཐད། ལོ་ངོ་བཅུའི་རིང་། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་སྔོན་བརྡའི་ལས་སྒོས་ས་ཚིགས་ནས་སྤུས་ཚད་བར་དང་། ངོ་བོ་གཏན་འཁེལ་ནས་གྲངས་ཚད་གཏན་འཁེལ་བར་གྱི་མཆོང་སྐྱོད་བྱུང་ནས། མཚོ་སྔོན་ཞིང་ཆེན་གྱི་ཁོངས་ཡོངས“དྲ་བ་གཅིག”གི་རིང་ཚད་སྤྱི་ལེ4ལྷག་དང་ཆུ་ཚོད་རེར་ཞིབ་ཚགས་ཅན་གྱི་རིག་ནུས་དྲ་མིག་སྔོན་བརྡ་གཏོང་བའི་ལས་སྒོ་གྲུབ་པ་རེད། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་སྔོན་བརྡའི་ཆུ་ཚད་དང་གནམ་གཤིས་སྔོན་དཔག་གི་ཆུ་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་ཡོད།

གནམ་གཤིས་ཞབས་ཞུའི་འགན་ལེན་ཞིབ་ཚགས་ཅན་དུ་འགྱུར་བའི་ཐད། ལོ་ངོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་འབྲུབ་འགོག་ཐན་འགོག་དང་། གངས་སྐྱོན་སྔོན་འགོག་ཉེན་སེལ། མཚེའུ་ཡི་ཕྱི་རོལ་དུ་ལྟ་ཞིབ་ཚད་ལེན་སོགས་གནམ་གཤིས་འགན་ལེན་ཞབས་ཞུ་ཆེན་པོའི་ཁྲོད་ཕན་འབྲས་མངོན་གསལ་ཐོབ་ཡོད། སྡེ་ཚན15དང་འབྲེལ་མཐུད་བྱས་པ་དང་།གནམ་གཤིས་གནོད་འཚེའི་སྔོན་ཚུད་ཉེན་བརྡའི་བརྡ་རྟགས་ཞིབ་ཚགས་ངང་ཤང་གྲོང(ཁྲོམ་གཞུང)དུ་སླེབས་པ། སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་གྱི་སྤྱི་དམངས་ཁྱབ་ཚད94%ཟིན་ཡོད། ཆེད་ལས་གནམ་གཤིས་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ་ཞིང་ལས་དང་སྐྱེ་ཁམས། ཆུ་བེད། ནུས་རྒྱུ། འགྲིམ་འགྲུལ། ཡུལ་སྐོར། ནགས་ཚལ་དང་རྩྭ་ཐང་སོགས་ཆེད་ལས་གནམ་གཤིས་ཞབས་ཞུའི་གཙོ་གནད་འཕེལ་རྒྱས་ཁྱབ་ཁོངས་ཐད་སྲུབས་མེད་ཞིབ་ཚགས་ཀྱི་གནམ་གཤིས་ཞབས་ཞུ་དུས་ཐོག་ཏུ་མཁོ་འདོན་བྱས། དེ་དང་ཆབས་ཅིག་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བའི་ཐད་ལོ་ངོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་གནམ་གཤིས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། “ཐཱན་གཉིས”ཀྱི་དམིགས་ཚད་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་འཐབ་ཇུས་གལ་ཆེན་ལ་དམིགས་པ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་དམིགས་པས་གནམ་གཤིས་ཚན་རྩལ་གྲུབ་འབྲས་ཁག200ཡན་གཏན་འཁེལ་བྱས།

གོ་ལ་ཧྲིལ་བོའི་གནམ་གཤིས་ཇེ་དྲོར་འགྲོ་བའི་རྒྱབ་ལྗོངས་འོག གནམ་གཤིས་ཧ་ཅང་ངན་པའི་དོན་རྐྱེན་རྒྱ་ཁྱབ་ཏུ་ཐོན་པ་དང་ཡང་ཡང་བྱུང་བ། བསྐྱར་དུ་འབྱུང་བཞིན་ཡོད། རྗེས་མར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི《གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྩ་གནད(2022ལོ་ནས2035ལོ་བར)》ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱིས་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས《གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གྱི་ལས་བགོས》དོན་འཁྱོལ་བྱས་ཏེ་འབད་འབུངས་ཡར་བརྩོན་དང་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གནམ་གཤིས་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།