ཀྲུང་གོ་བོད་ཀྱི་དྲ་བ།

ཕུན་ཚོགས་ཀྱིས་ལྟ་སྲུང་བྱེད་པའི་ནགས་ཁུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“རེབ་ཐེངས་འདིར་ཆུ་མ་བཏང་ཚེ། སྡོང་པོ་འདི་དག་ཐམས་ཅད་སྐམ་འགྲོ་ངེས་རེད། ”དབྱར་གཞུང་གི་དུས་སུ། བསྟུད་མར་ཚ་བ་ཤིན་ཏུ་ཆེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཆུ་དཀར་ཐང་གྲོང་རྡལ་ནགས་ལས་ས་ཚིགས་ཀྱི་བདག་སྐྱོང་པ་ཕུན་ཚོགས་ཀྱིས་ཉེ་ཆར་དུས་ཚོད་དམ་འཛིན་གྱིས་ནགས་ཁུལ་ལ་ཆུ་གཏོང་བཞིན་འདུག

རླངས་འཁོར་བསྐོར་ནས་ཏུའུ་ལན་རྫོང་ཤར་རི་ཁ་གྲོང་རྡལ་ནས་ཆུ་དཀར་ཐང་གྲོང་རྡལ་བར་གྱི་རྒྱལ་ལམ109པའི་ཐོག ལམ་འགྲམ་གཉིས་སུ་སྡོང་པོ་སྔོ་ལྗང་ལྗང་སྐྱེས་ཡོད་ལ། “ལྗང་མདོག་གི་མཁར་གྱང”ཞིག་དང་མཚུངས་ཤིང་། འདི་ནི་ནགས་སྲུང་པ་མི་རབས་རེ་རེས་བརྩེ་སེམས་ཀྱི་ཀློང་ནས་བདག་སྐྱོང་བྱས་པའི་གྲུབ་འབྲས་རེད། “ལོ་བཅུའི་སྔོན་ལ། འདི་ནི་མྱ་ངམ་ཐང་ཞིག་ཡིན་ཞིང་། རླུང་འཚུབ་ཐེངས་གཅིག་གཡུག་ཚེ། གཞུང་ལམ་ནི་བྱེ་མས་བསྣུབས་འགྲོ།”ལོ་ངོ17ལ་ནགས་སྲུང་བྱས་པའི་ཕུན་ཚོགས་ཀྱིས་དེ་ལྟར་ངོ་སྤྲོད་བྱས། ལོ་དེ་དག་ལ་ཟླ3པ་ནས་ཟླ4པ་སླེབས་ཐེངས་རེར། ལམ་གསོ་མཁན་གྱིས་བྱེ་རྡུལ་གཙང་སེལ་གྱི་བྱ་བ་བསྒྲུབ་དགོས། དེང་སྐབས། ལམ་གྱི་གཡས་གཡོན་དུ་སྡོང་པོ་ཆེན་པོ་སྐྱེས་ཡོད་པས། བྱེ་མ་གང་སར་མཆེད་མི་ཐུབ།

ཕུན་ཚོགས་ཀྱི་གཞུག་ལ་དེད་ནས་ནགས་ཁུལ་ཞིག་ཏུ་འབྱོར་བ་ན། ཁོས་བཤད་རྒྱུར། “ད་བར། ངས་དཔྱིད་ཀར་སྡོང་པོ་བཙུགས་པ་ཡིན་། དབྱར་ཁར་ཆུ་བཏང་བ་ཡིན། དེའི་འཕྲོ་མའི་དུས་ཚོད་ནང་ནགས་ཁུལ་ལ་སྐོར་སྲུང་བྱས་པ་ཡིན། ”ཁོས་སྡོང་ཕྲུག་རེ་རེར་རང་གི་ཕྲུ་གུ་ལྟར་ལྟ་སྐྱོང་བྱས། ནགས་ས་ལེབ་མོ་འདིར་ཆུ་ཡོངས་སུ་གཏོར་དགོས་ན། ཏག་ཏག་དུས་ཚོད4དགོས། ཐེངས་རེར་ཁོ་ས་དེ་དང་གོམ་གང་ཡང་བྲལ་མ་མྱོང་།

“དངོས་གནས་དཀའ་ཚེགས་ཆེ་ལ། ཐང་ཡང་ཤིན་ཏུ་ཆད། འོན་ཀྱང་རང་གི་སྣང་བ་སྐྱིད་པོ་ཞིག་རེད།”

ཕུན་ཚོགས་ཀྱིས་སྡོང་པོ་ཞིག་སྟོན་བཞིན། རིང་ཚད་ལ་སྨི10ལས་མི་ལོངས་པའི་རི་མོ་ཞིག་བྲིས་ཏེ། “ངས་ལོ་གཅིག་ལ་སེམས་ཚེགས་བྱས་རྗེས། སྡོང་པོ་འདི་ཡང་འདི་ཙམ་ཞིག་སྐྱེས་བྱུང་། བྱིས་པ་ཞིག་སྙོར་བ་ལས་ཀྱང་དཀའ།”ས་བརྐོ་བ་དང་ལྗང་མྱུག་གསོ་བ། བདེ་ཐང་སྙོམས་པ། སྡོང་པོ་འཛུགས་པ། ཆུ་གཏོང་བ་སོགས་ཡོད་ཚད་གོམས་གཤིས་སུ་གྱུར། གལ་ཏེ་འབུས་གནོད་འཚེ་ཞིག་བྱུང་ཚེ། སྡོང་པོ་དེ་བརླགས་སོང་བ་རེད་ཅེས་ཐབས་བཀོད་ཟད་པའི་སྐྱོ་ཉམས་ཤིག་མངོན་ཡོད།

ཉིན་འདི་དག་ལ། དྲོད་ཚད30℃ལ་ཉེ་བྱུང་། ཕུན་ཚོགས་ཉི་མ་རེ་རེར་བར་ཐག་སྤྱི་ལེ་གཅིག་གིས་ཆོད་པའི་ཆུ་རགས་ཁར་སོང་སྟེ། ནགས་ཁུལ་ཞིག་ལ་ཆུ་བཏང་རྗེས། དེ་ནས་ཡང་བསྐྱར་ཆུ་རགས་ཞོལ་མའི་ཁར་སོང་། “སྡོང་པོ་འདིའི་སྦོམ་ཚད་སྨི་བཞི་ནས་ལྔའི་བར་སྐྱེ་དགོས་ན། ལོ10ཡི་དུས་ཚོད་དགོས། ཁྱོད་ཀྱིས་ལྟོས་དང་། སྡོང་པོ་འདི་སྐྱེས་ནས་ལོ3འགོར་ཟིན། ལྗང་ནེམ་ནེམ་གྱི་ལོ་མ་བརྐྱངས་ཡོད་པས། སེམས་ནས་སྐྱིད་པོ་ཞིག་རེད།”ཆུའི་བཞུར་ཕྱོགས་དང་ས་ནང་གི་ཆུའི་འདུས་ཚད་སྔོན་དཔག་ལ་སླེབས་ཐུབ་ཚེ། ཁོའི་སེམས་པ་ད་གཟོད་བདེ་ལ་འབབ་ཐུབ། ཉིན་གུང་། ཁོ་དང་ཁོའི་ལས་གྲོགས་ཚོས་གྲིབ་བསིལ་ཡོད་ས་ཞིག་བཙལ་ནས། གོ་རེ་ཅུང་རྡོག་ཅིག་གི་བར་ལ་བསྙལ་ཚོད་བསྐྱིལ་ཏེ་དྲོས་ཇ་འཐུངས་ཤིང་། རླངས་འཁོར་ནང་དུ་ཉལ།

ལོ་ཐོག་ལོ་བརྩེགས་དང་། ཟླ་ཐོག་ཟླ་བརྩེགས་བྱས་ཏེ། ལྗང་མདོག་གི་ས་གཞི་ལེབ་མོ་འདིའི་ཆེད་དུ། ནགས་སྲུང་པ་རྣམས་ཀྱིས་ཁུ་སིམ་མེར་བརྟན་སྲུང་བྱས་ཤིང་། འཁང་ར་མེད་པར་རྔུལ་ཆུ་བཏོན། སྡོང་པོ་རྣམས་འཚར་ལོངས་འབྱུང་བ་ལས་གཞན། ཁོ་ཚོའི་ཆེས་ཆེ་བའི་རེ་གཞག་ནི་རྗེས་སྐྱོང་པ་སྐྱེད་སྲིང་བྱེད་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།