ཀྲུང་གོ་བོད་ཀྱི་དྲ་བ།

རྒན་པོ་རྡོ་རྗེ་ཡི་ཁོར་སྲུང་གཏམ་རྒྱུད་རེ་འགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོར་སྲུང་དང་བླངས་པ་རྒན་པོ་རྡོ་རྗེ་ལ་ཉེ་ཆར་སུན་སྣང་ཅུང་ཙམ་བྱུང་འདུག ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ནི་ཉེ་བའི་ཟླ་ངོ་གཉིས་ཀྱི་རིང་ལ། ཉིན་ཕྱེད་ཀ་རེའི་མཚམས་ནས། ཁོས་རང་གི་གྲོགས་པོ་དོན་གྲུབ་རྒྱལ་ལ་ཁ་པར་གཏོང་དགོས་པ་དེ་རེད།

ལོ་ན་བདུན་ཅུ་བརྒལ་བའི་རྒན་པོ་རྡོ་རྗེ་ནི། ཏང་ཞུགས་ལོ་གྲངས46ལོན་པའི་ཏང་ཡོན་རྒན་པ་ཞིག་ཀྱང་ཡིན། ལོ་ངོ22ཀྱི་རིང་ལ། ཁོས་རྩེ་ཆུའི་འགྲམ་གྱི་མགོན་ཤུལ་ཡུལ་ཚོའི་གསེར་ཐང་བྱ་གླིང་བརླན་སར་འོས་འགན་ལྟ་སྲུང་བྱས་ཏེ། མི་སེམས་འགུལ་བའི་བྱས་རྗེས་ནི་ས་གནས་དེའི་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་ཡོད།

དོན་གྲུབ་རྒྱལ་ནི་རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མགོ་གཙོ་ཡིན་ལ། ད་ལོ་ལོ་ན38ཡིན། གནས་ལུགས་ལྟར་ན། བར་དུ་ལོ་སུམ་ཅུ་ལྷག་ཡོད་པའི་མི་གཉིས་ཀྱི་བར་ལ། གྲོགས་པོའི་མཛའ་བརྩེ་ཆགས་རྒྱུ་ཅུང་དཀའ་མོད། འོན་ཀྱང་རྒན་པོ་རྡོ་རྗེ་དང་དོན་གྲུབ་རྒྱལ་གཉིས་ནི་དམིགས་བསལ་ཞིག་རེད།

2018ལོར་ངོ་ཤེས་པ་ནས་ད་ལྟའི་བར། རྩེ་ཁོག་རྫོང་གི་སྐྱེ་ཁམས་ཁོར་སྲུང་ལས་དོན་ཞེས་པའི་ཐུན་མོང་གི་དགའ་ཕྱོགས་དེའི་དབང་གིས། ཁོ་གཉིས་ཀྱི་མཛའ་བརྩེ་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་། དོན་གྲུབ་རྒྱལ་ནི་བྱ་བར་བྲེལ་བ་ཆེ་ནའང་། ཉིན་བཅུ་རེའམ་ཡང་ན་ཟླ་ཕྱེད་རེའི་མཚམས་ནས། ཁོས་ཁོམ་སྐབས་བཙལ་ཏེ་རྒན་པོས་ལོ་ངོ22རིང་ལྟ་སྲུང་བྱས་པའི་གསེར་ཐང་བྱ་གླིང་བརླན་ས་རུ་ཕྱིན་ཏེ་པར་འགའ་རེ་རྒྱག་པ་རེད། རྒན་པོ་རྡོ་རྗེ་ཡང་དེ་བཞིན་ཡིན་ཏེ། ནམ་རྒྱུན་དོན་གྲུབ་རྒྱལ་ལ་ཁ་པར་བཏང་སྟེ། བརླན་སའི་ཐོག་གི་འདབ་ཆགས་རྣམས་ཀྱི་གནས་ཚུལ་དང་། དེ་མིན་བརླན་སའི་ནང་གི་རྩྭ་སྐྱེས་པ་བཟང་མིན། ཆུ་དྭངས་མིན་སོགས་ཀྱི་གནས་ཚུལ་ཁ་བརྡ་བྱེད་བཞིན་ཡོད།

ཉིན་གཉིས་ཀྱི་ཡར་སྔོན་གྱི་ནངས་མོ་ཞིག་ལ། རྒན་པོ་རྡོ་རྗེ་ཡིས་ཁོང་ཁྲོ་དང་བཅས་ཏེ་དོན་གྲུབ་རྒྱལ་ལ་ཁ་པར་ཞིག་བཏང་བ་རེད། མ་གཞི་ཉིན་དེའི་ཞོགས་པར། རྒན་པོ་རྡོ་རྗེ་ཡིས་ནམ་རྒྱུན་དང་འདྲ་བར་བརླན་སའི་ཉེ་འགྲམ་དུ་སྐོར་སྲུང་བྱེད་སྐབས། མི་སྐོར་ཞིག་གིས་མཁའ་ལམ་འཕུར་སྐྱོད་པར་ཆས་བཞི་ལྔ་ཞིག་ལག་ཏུ་བཟུང་ནས། བརླན་སའི་ནང་གི་བྱ་ཁྱུ་པར་ལེན་རྩིས་བྱེད་བཞིན་ཡོད།

གནས་ཚུལ་དེ་མཐོང་རྗེས། རྒན་པོ་རྡོ་རྗེ་ཡི་སྙིང་རླུང་སྟོད་ལ་འཚངས་བྱུང་། ལོ་འདི་གཉིས་ཀྱི་རིང་ལ། གསེར་ཐང་བྱ་གླིང་གི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་གྱུར་བ་དང་བསྟུན་ནས། རྩྭ་སྐྱེས་པ་ཇེ་བཟང་ནས་ཇེ་བཟང་དུ་གྱུར་པ་དང་། གནས་འདིར་འབབ་སྡོད་བྱེད་པའི་བྱ་རིགས་ཀྱང་ཇེ་མང་ནས་ཇེ་མང་དུ་གྱུར་ལ། ཆེས་མང་བའི་སྐབས་སུ2000ལྷག་ཡོད།

བྱ་རིགས་འདི་དག་ལ། རྒན་པོ་རྡོ་རྗེ་དགའ་བ་ལྷག་མ་ཡོད་པར་མ་ཟད། བདག་སྐྱོང་ཚད་མེད་བྱས་ཡོད། བྱ་རིགས་རྣམས་ཀྱི་འཚོ་བའི་གོམས་གཤིས་ནི། རྒན་པོ་ལ་ཤིན་ཏུ་གསལ་ཆ་ཡོད་དེ། ཁོས་མཁའ་ལམ་འཕུར་སྐྱོད་པར་ཆས་དག་གལ་ཏེ་མཉམ་དུ་བཏང་ཚེ། རྣ་བར་གཟན་པའི་སྒྲ་ཆེན་པོ་ཞིག་གྲགས་ལ། འདབ་ཆགས་རྣམས་ཀྱི་རྒྱུན་ལྡན་འཚོ་བར་མི་བདེ་བ་བཟོ་བ་གསལ་པོར་ཤེས་ཡོད། སྐྲག་སྣང་ཐེབས་པའི་བྱ་ནི། ཡང་མིན་ན་གསེར་ཐང་བྱ་གླིང་དང་ཁ་འབྲལ་ངེས་ལ། ཡང་མིན་ན་རྗེས་ཕྱོགས་ཡང་བསྐྱར་གནས་འདིར་འབབ་སྡོད་མི་བྱེད། ལྷག་པར་སྒོ་ང་ལས་གསར་དུ་གྲོལ་བའི་གེ་སར་རྟ་རྫིའི་ཕྲུ་གུ་གཉི་གས་སྒྲ་གཟན་པོ་དེའི་སུན་སྣང་བཟོད་ཐབས་བྲལ།

རྒན་པོ་རྡོ་རྗེ་ཡིས་རྒྱ་སྐད་མི་གོ་བ་དང་། ཡུལ་སྐོར་པ་རྣམས་བྱ་རིགས་པར་དུ་ལེན་པར་སེམས་ནས་རྔམ་བཞིན་ཡོད་པས། འབྲེལ་འདྲིས་ཤིག་བྱས་ཀྱང་གཏམ་ཕར་བཤད་ཀྱི་བརྡ་མ་འཕྲོད་ལ་ཚིག་ཚུར་བཤད་ཀྱི་དོན་མ་གོ་བས་ངལ་བ་འབྲས་མེད་དུ་གྱུར། ཅི་བྱེད་འདི་བྱེད་མི་ཤེས་པའི་འོག རྒན་པོ་རྡོ་རྗེ་ཡིས་ཕྱོགས་གཅིག་ནས་ལག་པ་དགུང་ནས་གཡུག་སྟེ་བཀག་འགོག་བྱས་པ་དང་། ཕྱོགས་གཅིག་ནས་དོན་གྲུབ་རྒྱལ་ལ་ཁ་པར་བཏང་།

མཇུག་མཐར། དོན་གྲུབ་རྒྱལ་གྱི་ཁ་ཏ་སློབ་གསོར་བརྟེན། ཡུལ་སྐོར་པ་རྣམས་ཀྱིས་མུ་མཐུད་དུ་བརྙན་ལེན་པའི་བསམ་ཚུལ་དོར། སྐབས་དེར། རྒན་པོས་མིད་པ་སྐམ་ཡོད་ལ། ད་དུང་མགོ་ན་རྔུལ་ཆུ་ཐོན་བཞིན་འདུག

འདི་ལྟ་བུའི་གཏམ་རྒྱུད་ད་དུང་མང་།“དེ་རིང་ངས་ལྷ་བྱ་ངང་དཀར་དང་གེ་སར་རྟ་རྫི་ལ་མིང་ཞིག་བཏགས་ཡོད།”

ཉིན་རེ་ནས་ཉིན་རེར། རྒན་པོ་རྡོ་རྗེ་ཡིས་རྫོགས་རྒྱུ་མེད་པའི་འགྲེལ་བཤད་ཀྱིས། དོན་གྲུབ་རྒྱལ་ཡང་གསེར་ཐང་བྱ་གླིང་གི་བྱ་རིགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་སྔར་ལས་མང་པོ་ཡོད་པར་གྱུར། དེ་བས་ཀྱང་ཁོའི་བྱ་རིགས་འདི་དག་པར་དུ་ལེན་འདོད་པ་དང་། དེ་ཚོར་སྲུང་སྐྱོབ་བྱེད་འདོད་ཀྱི་ཆོད་སེམས་དང་སྤྲོ་སེམས་བསླངས་བྱུང་།

“གེ་སར་རྟ་རྫི་དེ་གཉིས་ཉིན་འདི་དག་ལ་ཚང་ནང་དུ་འཛུལ་ནས་ཕྱི་རུ་མི་འབུད་པས། སྒོ་ང་བཏང་ནས་ཁྲུང་ཕྲུག་གསོ་བཞིན་པ་ཡིན་ནམ། ངས་རྒྱང་མཐོང་ནང་ནས་ཇི་ལྟར་བལྟས་ཀྱང་མཐོང་མི་ཐུབ། ཡང་མིན་ན་ཁྱེད་ཀྱིས་ང་ལ་ལྟ་རོགས་ཤིག་བྱོས།”

འདི་ནི་དོན་གྲུབ་རྒྱལ་ལ་ཟླ5པའི་ཟླ་སྨད་དུ་འབྱོར་བའི་ཁ་པར་ནང་གི་ཁ་བརྡ་ཞིག་རེད། ཉིན་དེར། ཁོས་མི་མེད་གནམ་གྲུ་ཁྱེར་ནས་གསེར་ཐང་བྱ་གླིང་དུ་འབྱོར། པར་བླངས་པའི་མཇུག་འབྲས་ལས་གསལ་བ་ནི། གེ་སར་རྟ་རྫིས་དངོས་གནས་ཁྲུང་ཕྲུག་གསོ་བར་གྲ་སྒྲིག་བྱེད་བཞིན་འདུག

དེའི་རྗེས་ཀྱི་ཟླ་ངོ་གཅིག་གི་རིང་ལ། དོན་གྲུབ་རྒྱལ་ལ་དུས་རྒྱུན་རྒན་པོ་རྡོ་རྗེ་ཡི་ས་ནས་ཁྲུང་ཕྲུག་གསོ་སྐྱོང་བརྡ་འཕྲིན་འབྱོར་ཐུབ། བརྡ་འཕྲིན་འདི་དག་མཉམ་གཅིག་ཏུ་བསྒྲིགས་ན། མཛེས་སྡུག་གི་རི་མོ་ཞིག་འགྲུབ་ཐུབ།

རྒན་པོ་རྡོ་རྗེ་ཡི་ཐུགས་ཁུར་ཟབ་མོའི་གཟིགས་སྐྱོང་ཁྲོད། གེ་སར་རྟ་རྫི་བཟའ་ཟླ་གཉིས་ཀྱིས་ཟླ1རིང་གི་ཆར་རླུང་ལ་འགོག་སྲུང་བྱས་མཐར། ཟླ6པའི་སྐལ་བཟང་མེ་ཏོག་བཞད་པའི་དུས་ལ། རང་གི“གཅེས་པའི་ཁྲུང་ཕྲུག”བསུས་ཏེ། དངོས་སུ“ཁྲུང་ཕྲུག་གི་ཕ”དང“ཁྲུང་ཕྲུག་གི་མ”རུ་གྱུར། དེ་ནས་བཟུང་། གེ་སར་རྟ་རྫི་བཟའ་མི་བཞི་པོས་རྩེ་གཞུང་རྩྭ་ཐང་དུ་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།