ཀྲུང་གོ་བོད་ཀྱི་དྲ་བ།

གངས་འདབས་ཀྱི་རྣམ་པ་གསར་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཞང་ནི་ཨ་མྱེས་རྨ་ཆེན་གྱི་གངས་འདབས་སུ་གནས་པ་དང་མཚོ་ངོས་ལས་མཐོ་ཚད་ལ་སྨི3600ལྷག་ཡོད།

རི་དང་ལུང་པའི་ཕུགས་སུ། ཏང་གི་སྣེ་ཁྲིད་འོག ཁྱད་ཆོས་དུ་མས་ཕྱུག་པའི་ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་སྤར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་མཐོང་།

རྨ་ཆེན་རྫོང་གངས་རི་ཞང་རི་གསེར་འབྲོག་པ་ཆེད་ལས་མཉམ་ལས་ཁང་ནི(གཤམ་དུ་བསྡུས་མིང་ལ་མཉམ་ལས་ཁང་དུ་འབོད)གཡོན་ཁོག་སྡེ་བར་ཡོད་པ་དང་། དེ་ནི་ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས་ལེགས་འགྲུབ་བྱུང་བའི་དཔེ་གཞི་ཞིག་རེད།

མཉམ་ལས་ཁང་དེ་ནི2013ལོའི་ཟླ5པར་བཙུགས་ཤིང་། ཞོ་དང་འོ་མ། ཤ་སྐམ་སོགས་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་གཙོ་བོར་བཟུང་ཡོད།

2019ལོ་ནས་བཟུང་། མཉམ་ལས་ཁང་གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པ་དང་བེད་སྤྱོད་བྱས་ཏེ། མི་རིགས་རིག་གནས་སྔོག་འདོན་དང་བེད་སྤྱོད་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཟོང་རྟགས་གསར་སྐྲུན་བྱེད་པ། འབྲེལ་ཡོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་སྒྲིག་བཟོ་བྱེད་པ་གཙོ་གནད་དུ་འཛིན་པ་བཅས་ཀྱིས། གཡོན་ཁོག་སྡེ་བའི་ཁྱིམ་ཚང61གི་མི211གི་ལས་ཞུགས་ཡོང་སྤར་མངོན་འགྱུར་འབྱུང་བར་སྐུལ་ཁྲིད་བྱས།

མཉམ་ལས་ཁང་གི་ཐོན་སྐྱེད་ཁང་དུ་སོང་བ་ན། ཞྭ་མོ་དང་སྐེ་དཀྲིས། ནོར་ཁུལ་རྐང་འབོལ། དངུལ་ཁུག་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་གསར་ཉམས་ཐོན་པའི་ཚོང་རྫས་ཆུང་ཆུང་དང་རྒྱན་ཆས་སྣ་ཚོགས་ཀྱིས་མིག་ཟུང་འཕྲུལ་དུ་འཇུག་ཅིང་། ནོར་ཁུལ་གྱི་སྤུས་ཀ་བཟང་ཞིང་འཇམ་མཉེན་ལྡན་པས་ལག་ལ་བདེ་བ་ཞིག་སྣང་།

“2020ལོར། ཞང་ཏང་ཨུས་རྒྱབ་སྐྱོར་དང་སྣེ་འབྲེལ་སྡེ་ཁག་རྨ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཚམས་སྦྱོར་བྱས་པར་བརྟེན་ནས། ང་ཚོས་ཧྲང་ཧེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རོགས་འཛུགས་བྱས་པའི་སྒོར་ཁྲི20ཅན་གྱི་ནོར་ཁུལ་སྒྲིག་བཟོ་སྒྲིག་ཆས་བརྩོན་ལེན་བྱས་པ་དང་། ཞིའུ་ཅ་ཉོ་ཚོང(ཧྲང་ཧེ)ཚད་ཡོད་ཀུང་སི་དང་ནོར་ཁུལ་ཕྱིར་འཚོང་གི་གྲོས་མཐུན་བཞག་སྟེ། ནོར་ཁུལ་སྤྱི་རྒྱ་ཁྲི0.5ཕྱིར་འཚོང་བྱས་པ་དང་། ཐོན་རྫས་ཧྲང་ཧེ་དང་མགོ་ལོག་གི་ཚོང་རར་བཀྲམ་སྟེ་ལོ་དེའི་ཡོང་སྒོ་རྐྱང་རྐྱང་སྒོར་ཁྲི45ཡོད”ཅེས་མཉམ་ལས་ཁང་གི་འགན་འཁུར་པ་སྒྲོལ་མ་སྐྱིད་ཀྱིས་མཚམས་སྦྱོར་བྱས་བྱུང་།

“མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད་དུ་ཁུལ་དང་རྫོང་། ཞང་ཏང་ཨུ་དང་སྲིད་གཞུང་སོགས་འབྲེལ་ཡོད་མགོ་ཁྲིད་དང་རིག་གནས་ཡུལ་སྐོར། བུད་མེད་མཉམ་འབྲེལ་ལྷན་ཚོགས། འཕེལ་རྒྱས་བཅོས་བསྒྱུར། ཞིང་ཕྱུགས་སོགས་སྡེ་ཁག་གིས་རྒྱབ་སྐྱོར་དང་རོགས་རམ་བྱས་པ་ཡིན། 2015ལོ་ནས་བཟུང་། དབུལ་ཐར་འགག་སྒྲོལ་གྱི་བྱ་བར་བརྟེན་ནས། ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང18ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས”ཞེས་སྒྲོལ་མ་སྐྱིད་ཀྱིས་བཤད་བྱུང་།

མཉམ་ལས་ཁང་གི་སྒོ་ཁ་རུ། ཆོས་སྐྱོང་དང་ལས་གྲོགས་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ནོར་ཁུལ་གསེད་བཞིན་འདུག ཆོས་སྐྱོང་ནི་སྔོན་ཆད་ཀྱི་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས། ན་ནིང་གི་གླ་ཕོགས་ཁར་ཁེ་སྤོགས་བསྣན་ན་ཡོང་སྒོ་སྒོར་ཁྲི1ལ་སླེབས་ཡོད།

“རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་འབྱུང་ཆེད། 2016ལོར་ཏང་ཀྲི་པུའུ་བཙུགས་ཏེ། ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ནང་ཁུལ་གྱི་ལམ་ལུགས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ལ། རིགས་སོ་སོའི་དོ་དམ་དང་བྱ་དགའ་དང་ཆད་པ་གཅོད་པའི་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་བཏང་སྟེ། འཁོར་སྐྱོད་ཀྱི་ཕན་འབྲས་ཇེ་མཐོར་བཏང་།”རང་ཉིད་གཞི་ནས་ཏང་ཡོན་ཡིན་པའི་སྒྲོལ་མ་སྐྱིད་ཀྱིས་ཏང་གི་འཛུགས་སྐྲུན་བྱ་བར་མཐོང་ཆེན་བྱེད་བཞིན་འདུག

ཉེ་བའི་ལོ་འགའི་རིང་ལ། མཉམ་ལས་ཁང་གིས་རྨ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་སྣེ་ཁྲིད་ལ་བརྟེན་ནས། སོ་སོར་པེ་ཅིན་མེ་མིའོ་དབྱི་ཁོ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་མགོ་ལོག་རྨ་ཆེན་གངས་རི་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། དེ་མིན་གངས་རི་ཞང་གཡོན་ཁོག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་དང་མཉམ་ལས་གྲོས་མཐུན་བཞག་སྟེ་སྔར་བས་རྒྱ་ཇེ་ཆེར་བཏང་།

2022ལོར། གངས་རི་ཞང་གིས་མང་ཚོགས་ཀྱི་ལམ་ཕྱོགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་དངོས་འབེབས་ལ་སྐུལ་འདེད་བྱེད་པའི“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་ཐེག་བྱད་བྱས་ཏེ། ཏང་གི་འཛུགས་སྐྲུན་བྱ་བ་དེ་དངོས་གནས་གཞི་རིམ་གནད་དོན་བཅོས་སྐྱོང་བྱེད་པའི“ཀུན་ནུས་ལྡེ་མིག”ཏུ་འགྱུར་བར་བྱས་པས། སྡེ་བ་སོ་སོའི་ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་མངོན་གསལ་གྱིས་ཇེ་ཆེར་སོང་བ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བཙན་རྫོང་དངོས་གནས་བརྟན་པོར་གྱུར་ཡོད།

“‘འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ’གྱི་བྱ་བའི་ནང་རྐྱེན་དེ་སྡེ་བའི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོ་གནས་གཙོ་བོ་བརྟན་པོར་གནས་པ་རྒྱུན་འཁྱོངས་བྱས་པ་དང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་རྨང་གཞིར་བཟུང་བ། གོང་རིམ་སྡེ་ཁག་ལ་ཧུར་ཐག་གིས་འབྲེལ་གཏུགས་དང་ཕྱོགས་མང་པོ་ནས་རྟོག་ཞིབ་དང་བརྟག་ཞིབ་བྱས་པ་བརྒྱུད། རྒྱུད་བཟང་ནོར་གནག་སྐོར་ཞིག་ལེགས་བདམས་ཉོ་སྒྲུབ་བྱས་ཏེ་སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་བཞག་པས། སྡེ་བའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ནུས་པ་སྔར་བས་ཇེ་ཆེར་སོང་བ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང+ཁྱིམ་ཚང་ཕྱུགས་རའི་ཐོན་སྐྱེད་དཔེ་དབྱིབས་དེ་གཡོན་ཁོག་སྡེ་བ་རུ་ཕན་འབྲས་ཐོན་པར་སྐུལ་སྤེལ་ཐུབ་པ་བྱུང”ཞེས་གངས་རི་ཞང་གི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་ཚའེ་ཡིས་མཚམས་སྦྱོར་བྱས་བྱུང་།

ལིའུ་ཁྲེང་ཚའེ་ཡི་སྣེ་ཁྲིད་འོག ང་ཚོ་རི་གསེར་བུད་མེད་ཁོར་སྲུང་ཚན་ཆུང་གི་གཞུང་ལས་ཁང་དུ་སོང་བ་དང་། དེ་ནི་གཡོན་ཁོག་སྡེ་བའི“བུད་མེད་གཞིས་ཁྱིམ”ཡང་ཡིན་ལ། ཁང་པའི་ནང་དུ་ཁོ་མོ་ཚོས་ལག་བཟོ་བྱས་པའི་རྒྱ་གྲམ་འཚེམ་དྲུབ་སོགས་ཀྱི་ལག་བཟོའི་བཟོ་རྩལ་ཐོན་རྫས་བཞག་འདུག

2011ལོར། གཡོན་ཁོག་སྡེ་བའི་ཏང་ཡོན་དཀོན་མཆོག་སྒྲོལ་མ་དང་གཅེན་གཅུང7པོ་གྲོས་བྱས་ཏེ་རང་ངོས་ནས་རི་གསེར་བུད་མེད་ཁོར་སྲུང་ཚན་ཆུང་བཙུགས་པ་དང་། དཀོན་མཆོག་སྒྲོལ་མའི་ཁོར་སྲུང་ཚན་ཆུང་གི་ཚན་གཙོ་ཡི་འགན་ཁུར། དུས་དེ་ནས་བཟུང་། ཁོམ་ལོང་ཡོད་ཚེ་དཀོན་མཆོག་སྒྲོལ་མ་གཅེན་གཅུང་ཚོ་དང་མཉམ་དུ་རི་མགོར་འགོས་ཏེ་གད་སྙིགས་འཐུ་བར་མ་ཟད། གཞན་ད་དུང་གཉེན་ཉེ་དང་གྲོགས་པོ་ཚོ་ཁོར་སྲུང་བྱ་འགུལ་ཁྲོད་ཞུགས་པར་སྐུལ་སློང་བྱས། ཁོར་སྲུང་ཚན་ཆུང་གི་སྐུལ་ཁྲིད་འོག མི་མང་པོ་ཞིག་ཁོར་སྲུང་ཚན་ཆུང་ཁྲོད་ཞུགས་ཏེ་མིག་སྔར་ཁོངས་མི41ཡོད།

རི་གསེར་བུད་མེད་ཁོར་སྲུང་ཚན་ཆུང་གིས་དུས་རྒྱུན་མཚམས་མཚམས་སུ་ཚང་མ་རྩ་འཛུགས་བྱས་ནས་ཉེ་འགྲམ་གྱི་གད་སྙིགས་འཐུ་རུ་འགྲོ་བ་ལས་གཞན་ད་དུང་ཟླ་རེའི་ཚེས15དང30ཉིན་བུད་མེད་ཁོར་སྲུང་ཚན་ཆུང་གི་ཁོར་སྲུང་ཉིན་མོར་གཏན་འཁེལ་བྱས་ཡོད། ཉིན་དེར། ཁོ་མོ་ཚོས་གད་སྙིགས་གཙང་དག་བྱེད་པར་མ་ཟད། ད་དུང་གཉེན་ཉེ་དང་གྲོགས་པོ་ཚོ་ཁོར་སྲུང་བྱ་འགུལ་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ་དང་། ཚང་མས་མཉམ་དུ་སྡེ་མི་དང་ཡུལ་སྐོར་པར་ཁོར་སྲུང་དྲིལ་སྒྲོག་བྱེད་ཀྱིན་ཡོད།

“གངས་རི་ཞང་གིས་ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་དངོས་འབེབས་ལ་སྐུལ་འདེད་བྱེད་པའི‘འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ’གྱི་ལས་སྒྲུབ་ནང་རྐྱེན་ཁྱབ་སྤེལ་གཏོང་བའི་གོ་རིམ་ཁྲོད་དུ།‘མི་དམངས་ཀྱིས་རྒྱུགས་ཤོག་ལ་ལྟ་བ’དེ‘ལས་བྱེད་པས་རྒྱུགས་ལན་སྤྲོད’པའི་དངོས་ཡོད་གནས་ཚུལ་ཕྱིར་འདོན་པར་བསྒྱུར་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ནུས་པ་དང་གསར་སྐྲུན་ནུས་པ། གོང་བུར་སྒྲིལ་ཤུགས་བཅས་སྔར་བས་ཇེ་མཐོར་གཏོང་བ། རྒྱ་ཆེའི་ཏང་ཡོན་གྱིས་དུས་རྒྱུན་དུ་མཐོང་ཐུབ་པ་དང་གནད་འགག་གི་དུས་སྐབས་སུ་ལངས་ཐུབ་པའི་གདོང་མཆོང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་ཀྱི་དཀའ་སྡུག་སེལ་བ་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང། བདེ་སྣང་བཅས་ཇེ་མཐོར་བཏང་བ་ཡིན།”ཞེས་ལིའུ་ཁྲེང་ཚའེ་ཡིས་བཤད་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།