ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྨི་གྲུ་བཞི་མ1000ལས་བརྒལ་བའི་མཚེའུ167ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་འབྱོར་གསལ། ལྟ་རྟོག་བརྟག་དཔྱད་ཀྱི་གཞི་གྲངས་གསར་ཤོས་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རྒྱ་ཁྱོན་སྨི་གྲུ་བཞི་མ1000ལས་བརྒལ་བའི་མཚེའུ167ལ་སླེབས། དེའི་ཁྲོད་འབྲི་ཆུའི་འབྱུང་ཡུལ་གླིང་ཁུལ་དུ120ཡོད་པ་དང་། རྨ་ཆུའི་འབྱུང་ཡུལ་གླིང་ཁུལ་དུ36ཡོད་ལ། རྫ་ཆུ་འབྱུང་ཡུལ་གླིང་ཁུལ་དུ11ཡོད། མཚེའུ་འདི་དག་ནི་ཚྭ་མེད་མཚེའུ་དང་ཚྭ་མཚོ་ཆུང་བ་ཅུང་མང་། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཆུ་བོ་ཅུང་མང་ལ། མཚོ་དང་མཚེའུ་སྐར་ཚོགས་ས་ལ་འཕོས་འདྲར་སྣང་བས། མགོ་དང་རལ་བའི་རྣམ་པ་ཅན་གྱི་ཆུ་ལག་ཕུན་སུམ་ཚོགས་པོ་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་འབྲི་ཆུའི་དཔལ་འབྱོར་རྒྱུད་དང་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་སླར་གསོ། སྦགས་བཙོག་བཅོས་སྐྱོང་སོགས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར16བརྩོན་ལེན་བེད་སྤྱོད་བྱས་པ་དང་། ཆུའི་ཐོན་ཁུངས་བེད་སྤྱོད་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་སྤྱི་འདོམས་བྱེད་པ། གཙང་གསུམ་འབྱུང་ཡུལ་དུ་གཙོ་གནད་ཤང་གྲོང་དང་འབྲོག་པའི་སྡོད་གནས་སོགས་སུ་འཚོ་བའི་རྣམ་པའི་སྦགས་བཙོག་བཅོས་སྐྱོང་དང་ཆུའི་མགོ་ཁུངས་ཀྱི་ཆུ་གསོག་ནུས་པར་སྲུང་སྐྱོང་། ཆུའི་མགོ་ཁུངས་ཀྱི་ས་ངོས་སྦགས་བཙོག་ཚོད་འཛིན་སོགས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་བཟོ་སྐྲུན48ལག་བསྟར་བྱས་ཏེ། འབབ་རྒྱུད་སོ་སོའི་ཆུའི་སྤུས་ཚད་མུ་མཐུད་སྤུས་ལེགས་ཀྱི་ཚད་དུ་བརྟན་དུ་བཅུག་ཅིང་། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་སྐྱེ་ཁམས་སླར་གསོ་ལ་གྲུབ་འབྲས་ཐོག་མར་མངོན། 

མིག་སྔའི་བར་དུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་ལྟ་རྟོག་བརྟག་དཔྱད་མ་ལག་དང་སྐྱེ་ཁམས་བདག་སྐྱོང་མ་ལག སྲུང་སྐྱོང་སླར་གསོ་བཟོ་སྐྲུན་བཅས་གཙོ་གཞི་ཡིན་པའི་རི་ཆུ་ནགས་ཚལ་དང་ཞིང་ས། མཚེའུ་རྩྭ་ཐང་། བྱེ་ཐང་། འཁྱག་རོམ་སྲུང་སྐྱོང་གི་མ་ལག་གསར་པ་གཞི་རྩའི་ཆ་ནས་ལེགས་པར་གྲུབ། སྐྱེ་ཁམས་མ་ལག་སོ་སོར་སྲུང་སྐྱོང་དང་སླར་གསོ་ཐེབས། ཆུའི་མགོ་ཁུངས་ཀྱི་ཆུ་གསོག་ནུས་པ་ཇེ་ལེགས་སུ་ཕྱིན། རི་སྐྱེ་སྲོག་ཆགས་རྩི་ཤིང་གནས་མལ་ལ་སྲུང་སྐྱོང་ཆ་ཚང་ཐོབ།  སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་སྔར་ལས་འབུར་ཐོན་ཡིན། རི་ཆུ་ནགས་ཚལ་དང་ཞིང་ས། མཚེའུ་རྩྭ་ཐང་། བྱེ་ཐང་། འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོ་མ་ལག་རང་བཞིན་གྱིས་ལག་བསྟར་བྱས་པ་དང་མདོ་དབུས་མཐོ་སྒང་སོགས་སྐྱེ་ཁམས་མ་ལག་གལ་ཆེན་ལ་སྲུང་སྐྱོང་སླར་གསོའི་བཟོ་སྐྲུན་གལ་ཆེན་སྤྱི་འདོམས་ལག་བསྟར་བྱས་པ་བརྒྱུད། ཁུལ་ཁོངས་ཀྱི་ཆབ་རོམ་གངས་རི་དང་། གཙང་པོའི་འབྱུང་ཡུལ་དང་ཆུ་བོ། མཚེའུ་རྫིང་རླན་ས། མྱ་ངམ་བྱེ་ཐང་། རྩྭ་ཐང་ན་སྤང་། ནགས་ཚལ་ནགས་རྫོབ་བཅས་ཀྱི་རང་བཞིན་དངོས་ལ་སྲུང་སྐྱོང་ཐོབ། མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཆུ་བོའི་དུས་མཚམས་བཞུར་ཚད་ཇེ་མང་དང་མཚེའུ་ཡི་རྒྱ་ཁྱོན་ཇེ་ཆེར་གྱུར་ཡོད། ཁུལ་ཁ་ཤས་ཀྱི་མཚེའུ་མཐོ་སྒང་གི་མཚེའུ་ཕྲེང་བར་གྲུབ་ཡོད། ཆུ་བོའི་བཞུར་ཁོངས་ཀྱི་འགྲམ་རྒྱུད་དང་རླན་སའི་རྒྱ་ཁྱོན་སྤྱིའི་ཆ་ནས་བརྟན་ལྷིང་ཡིན་པ་དང་ཆ་ཤས་ཀྱི་བྱེད་ནུས་ཇེ་དྲག་ཏུ་གྱུར་ཡོད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།