ཀྲུང་གོ་བོད་ཀྱི་དྲ་བ།

​ཡུས་ཧྲུའུ་ཁུལ་གྱིས་མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་བྱ་བ་ལེགས་པོར་སྒྲུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨང་གཞི་སློབ་གསོའི་དུས་རིམ་གྱི་སློབ་གྲྭར་ཡོད་པའི་སློབ་ཕྲུག་མི་ཁྲི6.99ནས་མི་ཁྲི12.05བར་ཇེ་མང་དུ་སོང་བ་དང་། སློབ་སྔོན་སློབ་གསོའི་སློབ་གྲྭར་ཞུགས་ཚད23.5%ནས85.1%བར་མཐོར་འདེགས་བྱུང་ཡོད། མཐོ་འབྲིང་དུས་རིམ་གྱི་སློབ་གྲྭར་ཞུགས་ཚད26.7%ནས83.05%བར་མཐོར་འདེགས་བྱུང་བ་དང་། སློབ་བྱོལ་འགོག་སྲུང་འགུལ་རྣམ་ཅན་གྱིས་མེད་པར་བཟོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གསོ་སྔོན་ལ་འཛིན་པའི་འཕེལ་རྒྱས་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་སློབ་གྲྭ་ལེགས་པོར་འགྲིམ་པའི་རེ་སྒུག་སྐོང་བ་དེ་རྩ་བའི་གཞི་ཚུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ། ནུས་ཤུགས་ཡོད་དགུས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡུས་ཧྲུའུ་ཁུལ་གྱི《དུས་རབས་གསར་པའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》བཟོས་པ་དང་འབྲེལ།ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལ་ཤུགས་སྣོན་པ་དང་། དགེ་རྒན་དཔུང་ཁག་འཛུགས་པ། སློབ་གསོ་ལྟ་སྐུལ། ལས་རིགས་སློབ་གསོ། ཆ་འཕྲིན་ཅན་འཛུགས་སྐྱོང་། བཀོད་པ་ལེགས་སྒྲིག ཡུལ་གཞན་དུ་སློབ་གཉེར་སོགས་ཐད་ཀྱི་ནང་དོན་ཚུད་པའི་ལྷན་སྦྱར་ཡིག་ཆ་ཁག་བདུན་བཟོས་པ་དང་། “གཙོ་བོ་གཅིག་དང་ཕལ་པ་བདུན”གྱི་སྒྲོམ་གཞི་ཡིས་འཆར་གཞི་བཀོད་དེ་ཡུལ་ཧྲུའུ་ཡི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཀ་བཞི་གདུང་བརྒྱད་བཙུགས་ནས། ཡུལ་ཧྲུའུ་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྲིད་ཇུས་འགན་སྲུང་འདོན་སྤྲོད་བྱས།

སློབ་གསོའི་དོ་དམ་དཔུང་ཁག་ཆེད་ལས་ཅན་དུ་ལག་བསྟར་བྱས་ནས་སློབ་གཙོའི་དོ་དམ་ནུས་པ་དང་དགེ་རྒན་གྱི་ཆེད་ལས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སློབ་གཙོའི་སྐས་རིམ་ལྟ་བུའི་གསོ་སྐྱོང་ལམ་སྲོལ་དང་། དགེ་རྒན་དཔུང་ཁག་གི་ཁ་གསབ་ལམ་སྲོལ། དགེ་རྒན་སྒྲིག་འཛུགས་འགུལ་རྣམ་དོ་དམ་ལམ་སྲོལ། དགེ་རྒན་སྤེལ་རེས་ཕྱིར་འཐེན་ལམ་སྲོལ། དགེ་རྒན་དཔུང་ཁག་གི་སྐུལ་ལྕག་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས། སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བ་དང་འཚམ་པའི་སློབ་གསོའི་དཔུང་ཁག་འཛུགས་སྐྱོང་བྱས་ལ། སློབ་དཔྱོད་ཡུན་སྟེགས་གསར་སྤེལ་བྱས་ཏེ་སློབ་དཔྱོད་ལས་དོན་ཁང་བཙུགས་ནས་དགེ་རྒན་གྲགས་ཅན་བཅའ་སྡོད་མཐུན་སྦྱོར་བྱས་ཏེ། སློབ་དཔྱོད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་བཏང་བ་དང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ཐོབ་ནས“མངགས་བཅོལ་སློབ་གཉེར”ནས“ཚོགས་སྒྲིག་སློབ་སྐྱོང་དང་ཚོགས་སྒྲིག་སློབ་གསོ”བར་སྣུར་སྲིང་བྱས་ཏེ། ཁུལ་ནང་ཁུལ་གྱི་སློབ་གྲྭའི་སློབ་གཉེར་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་དང“ཇེ་ཡང་དུ་གཏོང་བ་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་སློབ་གསོའི་གདེང་འཇོག་བྱེད་སྟངས་ཇེ་ལེགས་སུ་བཏང་།

“དྲ་སྦྲེལ་དང་སློབ་ཁང་གི་སློབ་ཁྲིད”རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། སློབ་གསོའི་ཐོན་ཁུངས་ཀྱི་ལས་སྟེགས་སྤྱད་དེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་དཀོན་པའི་ཧེ་བག་ཇེ་ཆུང་དུ་གཏོང་བ། དགེ་རྒན་གྱི་གྲུབ་ཆ་ལུགས་མཐུན་མིན་པའི་ཞན་ཆ་གསབ་པ་བཅས་བྱས་ནས་ཆ་འཕྲིན་ཅན་གྱིས་སློབ་གྲྭའི་དོ་དམ་དང་། དགེ་རྒན་གྱི་སློབ་ཁྲིད། སློབ་མའི་སློབ་སྦྱོང་བཅས་ལ་ཞབས་འདེགས་ཞུ་ཐུབ་པར་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།