ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཁྲང་ཞིང་གིས་བྱ་བའི་བླང་བྱ་བཏོན་པ་དང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་ལམ་ནས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་སྡོམ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་གང་ལེགས་བྱས་ལ། བྱ་བ་གནས་ཚུལ་ལ་མཉན་ཞིང་རིམས་ནད་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། རིམས་ནད་འགོག་སྡོམ་བྱ་བར་ཞིབ་འཇུག་བྱས་ནས་བཀོད་སྒྲིག་བྱས། ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་བཀོད་འདོམས་དཔོན་ཞིན་ཁྲང་ཞིང་གིས་བྱ་བའི་ཐད་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་འམ་བཀོད་འདོམས་དཔོན་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། རིམས་ནད་འགོག་སྡོམ་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མྱུར་དུ་སྐུལ་སློང་བྱེད་པ་དང་། དེང་སྐབས་ཀྱི་གནད་འགག་དུས་སྐབས་ལ་དམིགས་ཤིང་རིམས་ནད་འགོག་སྡོམ་ཇུས་གཞིའི་པར་གཞི་དགུ་པའི་བླང་བྱ་ལྟར་ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ། ཕྱོགས་གཅིག་ནས་ནུས་ལྡན་བྱེད་ཐབས་སྤྱོད་པ་དང་ནུས་ཤུགས་གང་ཡོད་བཏོན་ནས་ནང་མཆེད་རང་བཞིན་གྱིས་བཟོས་པའི་ཉེན་ཁར་ཚོད་འཛིན་གང་ལེགས་བྱེད་པ་དང་། གཅིག་བསྡུས་རང་བཞིན་གྱི་རིམས་ནད་མི་འགོ་བར་བརྩོན་ལེན་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཕྱི་ནས་ནང་ལ་མཆེད་པ་འགོག་པའི་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་དུ་འབྱོར་མ་ཐག་པའི་གཞི་འབབ་བརྟག་བཤེར་སོགས་ཀྱི་བྱེད་ཐབས་དངོས་འབེབས་ཞིབ་མོ་བྱས་ནས། འབྱུང་སྲིད་པའི་ནད་དཔེ་གསར་བར་འགོག་སྡོམ་དོ་དམ་བྱེད་པ་དང་དུས་ཐོག་ཏུ་ཚན་རིག་དང་མཐུན་པར་མྱུར་སྐྱོབ་བྱེད་དགོས་པར་མ་ཟད། མྱུར་དུ་རྩ་འཛུགས་བྱས་ཏེ་རིམས་བཤེར་དང་བརྟག་ཞིབ། འགོག་སྡོམ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས། དུས་མཚུངས་སུ་རིམས་ནད་ཀྱི་བརྒྱུད་སྒྲོག་ཁྱད་ཆོས་ལ་དམིགས་ཏེ་སྔར་ལས་ལྷག་པར་སྤྱི་ཚོགས་ངོས་ཀྱི་དོ་དམ་ལ་ཤུགས་སྣོན་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དངོས་འབེབས་གཟབ་ནན་དུ་བཏང་ནས། ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་འགོ་བར་གཏན་འགོག་བྱེད་པ་དང་། ཆེས་ཐུང་བའི་དུས་ཚོད་དང་ཆེས་ཆུང་བའི་རིན་དོད་ཀྱིས་སྐོར་ཐེངས་གསར་བའི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱེད་དགོས་ལ། རིམས་ནད་གཏན་འགོག་བྱེད་པའི་འཐབ་འཁྲུག་ལ་རྒྱལ་ཁ་བླངས་ནས་དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་བདེ་འཇགས་ལ་ཁོར་ཡུག་དང་ཆ་རྐྱེན་ལེགས་པོ་བསྐྲུན་དགོས།

ཝུའུ་ཞའོ་ཅུན་གྱིས་བློ་ཐག་རྦད་ཆོད་སྒོས་རིམས་ནད་འགོག་སྡོམ་གྱི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་འཕར་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལ་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་སེལ་ཞིང་རིམས་ནད་འགོག་སྡོམ་ཐག་གཅོད་ཀྱི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ་དང་། མྱུར་དུ་འགུལ་སྐྱོད་སྤེལ་བ་དང་འགན་འཁྲི་དང་ལེན་བཟང་བོ་བྱེད་དགོས་པར་མ་ཟད། ཁྱོན་ཡོངས་ནས་ཕྱི་ནས་ནང་མཆེད་འགོག་པ་དང་ཁྱོན་ཡོངས་ནས་ཉེན་ཁར་ཞིབ་བཤེར་བྱེད་པ། ཁྱོན་ཡོངས་ནས་མི་སྣ་གཙོ་བོ་འགོག་སྡོམ་བྱེད་པ། ཁྱོན་ཡོངས་ནས་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པ་བཅས་བྱས་ནས། བློ་ཐག་རྦད་ཆོད་སྒོས་རིམས་ནད་འགོག་སྡོམ་གྱི་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་དགོས། བློ་ཐག་རྦད་ཆོད་སྒོས་ཕྱི་ནས་ནང་མཆེད་འགོག་པ་དང་། དུས་ལྟར་རིམས་ནད་མགོ་ཁུངས་བརྟག་བཤེར་སྤེལ་ནས་གཙོ་གནད་ས་ཚིགས་ཀྱི་འགོག་སྡོམ་ཤུགས་དྲག་ཏུ་གཏོང་བ་དང་། ཉིང་བསྐྱུར་བརྟག་བཤེར་སྤེལ་ནས་རིམས་ནད་བརྒྱུད་འགོའི་སྦྲེལ་ཐག་གཅོད་དགོས། བློ་ཐག་རྦད་ཆོད་སྒོས་སྤྱི་ཚོགས་ཡོངས་ཀྱི་འགོག་སྡོམ་བྱ་བར་དམ་འཛིན་བྱེད་པ་དང་། ནན་ཏན་དང་ཞིབ་ཕྲ་སྒོས་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ། ཁུལ་ཁོངས་སུ་རོགས་ལས་ཞིབ་བཤེར་བྱ་བ་དམ་འཛིན་བྱེད་པ། འགོག་སྨན་རྒྱག་པའི་བྱ་བར་ཤུགས་སྣོན་བཅས་བྱེད་དགོས།བློ་ཐག་རྦད་ཆོད་སྒོས་རིམས་ནད་འགོག་སྡོམ་ལེགས་པོར་སྒྲུབ་པ་དང་། ནན་ཏན་སྒོས་གཅིག་སྡུད་ལོགས་བཀར་ས་ཚིགས་ཀྱི་སྒྲིག་འཛུགས་དང་དོ་དམ་ཚད་ལྡན་དུ་བཏང་ནས་སྨན་ཁང་ནང་ཁུལ་གྱི་བརྒྱུད་འགོ་འགོག་པ་དང་། བརྟག་བཤེར་མ་དཔེ་ལེན་པ་དང་བསྐྱལ་དུས་སུ་བརྒྱུད་འགོ་བྱེད་པ་འགོག་དགོས།  བློ་ཐག་རྦད་ཆོད་སྒོས་གྲ་སྒྲིག་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། ཆེད་ལས་དཔུང་སྡེ་དང་ལོགས་བཀར་ཁང་བ་དང་དེ་མིན་རིམས་འགོག་དངོས་རྫས་གསོག་འཇོག་བྱེད་ཚད་ཇེ་ཆེར་གཏོང་བ། རྩ་འཛུགས་ཞིབ་མོ་བྱས་ཏེ་ཐོན་སྐྱེད་འཚོ་བའི་དངོས་རྫས་མཁོ་འདོན་དང་སྨན་བཅོས་སོགས་ཀྱི་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ། སོར་ལུས་ཡུལ་སྐོར་བ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས། བློ་ཐག་རྦད་ཆོད་སྒོས་འགན་འཁྲི་ཁག་འཁུར་དངོས་འབེབས་བྱེད་པ་དང་། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་མཉམ་དུ་གཙིགས་འཛིན་རྒྱུན་འཁྱོངས་བྱས་ནས། ཕྱོགས་བཞིའི་འགན་འཁྲི་དངོས་འབེབས་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་འཕྲལ་བསྟུན་རྣམ་པ་སྤྱད་དེ་གཅིག་གྱུར་བཀོད་གཏོང་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཚད་མཐོན་པོས་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་པར་མ་ཟད། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།

ཁྲིན་རོས་ཧྥིན་དང་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ཁོང་ཡུང་། ལིས་ཧོང་ཡ་བཅས་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།