ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭའི་འགོ་ཁྲིད་རྣམས་དང་བཞུགས་མོལ་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐེན་ཅིན་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན། ཞ་མིན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་མགོ་ཁྲིད་པ་དང་བཞུགས་མོལ་བྱས།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལོ་འཁོར་བཅུ་ལོན་པའི་བྱ་འགུལ་ལ་ཞུགས་པའི་མཐོ་རིམ་སློབ་གྲྭ་སོ་སོའི་མགོ་ཁྲིད་པར་དགའ་བསུ་བྱས་པ་དང་། མཐོ་རིམ་སློབ་གྲྭ་སོ་སོས་དུས་ཡུན་རིང་བོར་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་གཉིས་ཀྱིས་མཐོ་རིམ་སློབ་གྲྭ་སོ་སོས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་བཅུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པའི་ལོ་བཅུ་ནི་དུས་མཉམ་ཡིན་པ་དང་།  དེ་ནི་ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་དང་སློབ་གསོའི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་པ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་གཅིག་བསྡུས་མངོན་ཚུལ་བཅས་ཡིན།   ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུས་པ་དང་། སློབ་གསོ་པུའུ་དང་མཐོ་རིམ་སློབ་གྲྭ་སོ་སོར་བཀའ་དྲིན་ཆེ་ཞུས་པ་ཡིན། ཚོགས་འཛུགས་རྣམ་པའི་སློབ་གསོ་རོགས་སྐྱོར་བརྒྱུད་དེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་དང་འཆར་འགོད་དོ་དམ། དགེ་རྒན་དཔུང་སྡེ་སོགས་ཐད་ཀྱི་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཤར་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭ་དག་གི་མི་རིགས་སོ་སོའི་དགེ་སློབ་དག་གི་ངོས་འཛིན་ལྔ་དང་བརྗེ་རེས་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་སྟེང་འབད་པས་བསྐྱོད་བཞིན་ཡོད་པ་དང་། སློབ་གསོ་དེང་རབས་ཅན་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་ཡིན། མཐོ་རིམ་སློབ་གྲྭ་སོ་སོས་རང་སྟེང་གི་བྱེད་ནུས་དང་མི་རིགས་སློབ་ཆེན་གྱི་དགོས་མཁོ་གཉིས་ཟུང་འབྲེལ་བྱས་ཏེ་སྔར་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་དང་མི་རིགས་སློབ་གསོ། མི་རིགས་སློབ་ཆེན་འཛུགས་སྐྲུན་བཅས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རོགས་སྐྱོར་མཉམ་ལས་རྣམ་པ་སྔར་ལས་རྒྱ་བསྐྱེད་པ། བརྩེ་སེམས་ལྡན་པ་དང་ཁག་ཁུར་ཡོད་པའི་རིག་གཞུང་སྣེ་ཁྲིད་མི་སྣ་སྔར་ལས་མང་པོ་མཚོ་སྔོན་དུ་བདམས་མངག་བྱེད་པ། རིག་གཞུང་ཚན་ཁག་ཆེད་ལས་ཀྱི་ནང་སྙིང་འཛུགས་སྐྲུན་ལ་སྐུལ་འདེད་དང་དགེ་རྒན་དཔུང་སྡེའི་སྤུས་ཚད་ཇེ་མཐོར་གཏོང་བ། ཚན་ཞིབ་སྟེགས་བུ་བསྐྲུན་པ་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱས་ཏེ་དུས་རབས་གསར་པར་དབུས་ནུབ་རྒྱུད་ཀྱི་སློབ་རིམ་སློབ་གསོར་མཉམ་དུ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་དུ། ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་ཀྱི་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོ། རིམ་པ་ཟབ་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།

ཐེན་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཞན་ཅིན་གྱིས་མཐོ་རིམ་སློབ་གྲྭ་སོ་སོའི་ཚབ་བྱས་ཏེ། ལོ་ངོ་བཅུའི་རིང་ལ། མཐོ་རིམ་སློབ་གྲྭ་སོ་སོས་མཉམ་ཤུགས་རྒྱབ་སྐྱོར་འོག་ཏུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་སྒྲུབ་ཆུ་ཚད་དང་རིག་གཞུང་ཆེད་ལས་ཚན་ཁག་འཛུགས་སྐྲུན། འཇོན་མི་གསོ་སྐྱོང་སོགས་ཀྱི་ཕྱོགས་ནས་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ཡོད། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ཐད་ཀྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་ལྟར། ཆབ་སྲིད་ཐད་ཡིད་རྟོན་བྱས་ཆོག་པ་དང་ལས་སྒོའི་ཐད་ཕུལ་དུ་བྱུང་བ། ནུས་པ་ཆེན་པོ་ལྡན་པའི་ལས་བྱེད་པ་བདམས་མངག་བྱེད་ངེས་ཡིན། མཚོ་སྔོན་གྱི་དགོས་མཁོར་དམ་པོར་དམིགས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སྔར་ལས་མང་པོའི་རིག་གཞུང་ཆེད་ལས་ཚན་ཁག་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་ལ་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ཁྲོད་དུ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་ངེས་ཡིན་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན། ཐེན་ཅིན་འཛུགས་སྐྲུན་སློབ་ཆེན་དང་ཐེན་ཅིན་ལུས་རྩལ་སློབ་གླིང་། ཐེན་ཅིན་དགེ་ཐོན་སློབ་ཆེན། ཐེན་ཅིན་ཕྱི་སྐད་སློབ་ཆེན། ཐེན་ཅིན་རོལ་མོ་སློབ་གླིང་། པེ་ཅིན་བཟོ་ལས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན་རྣམས་བཞུགས་མོལ་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།