ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་པའི་འགྲན་བསྡུར་རྣམ་གྲངས་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་གཟེབ་གྲུག་སྤོ་ལོའི་འགྲན་བསྡུར(དར་མའི)དེ་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ཁང་དུ་སྤེལ་བ་རེད། ཐེངས་འདིའི་འགྲན་བསྡུར་ནང་ཁྱོན་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་འཐུས་ཚབ་རུ་ཁག44ཡི་ལུས་རྩལ་པ435ཡིས་འགྲན་བསྡུར་ནང་ཞུགས་པའི་མིང་ཐོ་བཀོད་ཡོད། 

འགྲན་བསྡུར་བྱེད་སྐབས། ཕྱོགས་གཉིས་ཀྱི་འགྲན་ཞུགས་པས་འགྲན་རའི་ནང་རང་ཉིད་ཀྱི་ནུས་རྩལ་ཆེས་ཆེར་ངོམ་པ་དང་། འགྲན་རའི་ཕྱིའི་ལྟད་མོ་བས་རང་སའི་འགྲན་ཞུགས་པར་ངར་ཤུགས་བསྩལ། “ད་ཐེངས་མཚོ་ལྷོ་ཁུལ་གྱི་ཚབ་བྱས་ཏེ་འགྲན་བསྡུར་ལ་ཞུགས་པར་ཧ་ཅང་དགའ་པོ་བྱུང་བ་མ་ཟད། ང་ཚོས་ཀྱང་ཐེངས་འདིའི་འགྲན་བསྡུར་ལ་གྲ་སྒྲིག་གང་ལེགས་བྱས་ཡོད་རྐྱེན། འགྲན་ཡའི་རུ་ཁག་གི་སྟོབས་ཤུགས་ཆེ་ནའང་ངས་རང་ཉིད་ཀྱི་ནུས་པ་ཡོད་ཚད་རྩལ་དུ་དཀྲུག་ནས་འབད་བརྩོན་ཆེན་པོས་རྒྱལ་ཁ་ཐོབ་ངེས་པའི་ཆོད་སེམས་བརྟན་པོ་བཟུང་ནས་འགྲན་བསྡུར་ལ་ཞུགས་རྒྱུ་ཡིནཞེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་རུ་ཁག་གི་འགྲན་ཞུགས་པ་སྙིང་ལྕགས་རྣམ་རྒྱལ་གྱིས་བཤད།

གསར་འགོད་པས་དེ་དང་མཉམ་དུ་རྒྱུས་ལོན་པ་ལྟར་ན། སྐབས་བཞི་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་གྱི་ཐེའུ་སྒྲོ་དང་། ཐག་ལྡིང་། ལོང་བའི་ཐག་ལྡིང་འགྲན་བསྡུར་བཅས་ཀྱི་བྱེད་སྒོ་ཉིན་གཉིས་རིང་ཛ་དྲག་དང་ངོ་མཚར། དྲང་བདེན་བཅས་ཀྱི་འགྲན་བསྡུར་བྱས་པ་བརྒྱུད་བདེ་བླག་ངང་མཇུག་བསྒྲིལ། ད་ཐེངས་ཀྱི་འགྲན་བསྡུར་ནང་ལས་ཁུངས21འགྲན་བསྡུར་ནང་ཞུགས་ཡོད་ལ་ཁྱོན་བསྡོམས་པས་མི་ཐེངས309ལ་སླེབས་པ་དང་། འགྲན་ཞུགས་དང་འགྲན་བསྡུར་སྐབས་སུ་འགྲན་ཞུགས་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ལུས་རྩལ་ཀུན་སྤྱོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། སྙིང་རུས་ཆེར་བསྐྱེད་དང་། སྔོན་ཐོན་བརྩོན་ལེན། འགྲན་ཉམས་མངོན་པ། ཆུ་ཚད་ལྡན་པ། མཛའ་བརྩེ་གཙིགས་འཛིན་བཅས་ཀྱི་ཉམས་འགྱུར་ཧུར་ཐག་གིས་དར་སྤེལ་བཏང་།

རྩ་འཛུགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་པས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་པས་ཕུལ་བྱུང་གི་རྗེས་གྲབས་ཤེས་ལྡན་མི་སྣ་སྔར་ལས་འཕེལ་རྒྱས་དང་གསོ་སྐྱོང་བྱེད་པ་དང་། རྩལ་འགྲན་གྱི་ལུས་རྩལ་ཆུ་ཚད་མཐོ་རུ་གཏོང་བ། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ།  མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་དང་ལུས་རྩལ་སྒྱུར་བཅོས་ཀྱི་གྲུབ་འབྲས་མངོན་པ། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་སྟོབས་ཆེའི་ཞིང་ཆེན་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ལུས་རྩལ་བྱ་གཞག་ལ་རྣམ་པ་གསར་པ་དང་ཆུ་ཚད་སྔར་ལས་འཕེལ་བ་བཅས་ལ་སྐུལ་འདེད་བཏང་ཡོད་པར་བཤད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།