ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་ཞིང་བ་ལས་བཟོ་བའི་གླ་ཕོགས་རྩིས་སྤྲོད་བྱ་བ་ལེགས་པོར་སྒྲུབ་པར་འགན་སྲུང་བྱ་ཆེད། ཞིང་ཆེན་ལས་ཞུགས་སྐུལ་སྤེལ་དང་གླ་ཕོགས་འགོར་འགྱངས་རྩ་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་བརྡ་སྦྱོར་དཔར་འགྲེམ་བྱས་པ་དང་། ཟླ8པའི་ཚེས1ཉིན་ནས་ཟླ9བའི་ཚེས30ཉིན་བར་ཞིང་ཆེན་ཡོངས་སུ་གཅིག་བསྡུས་སྒོས་དུས་ཡུན་ཟླ2རིང་གི་གླ་ཕོགས་འགོར་འགྱངས་རྩ་བཅོས་ཆེད་སྤྱོད་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས།
ཐེངས་འདིའི་བྱ་འགུལ་གྱིས“སྒྲིག་གཞི་ཡོངས་སུ་ཁེབས་པ”དམིགས་ཡུལ་དུ་བཟུང་ནས། སྲིད་གཞུང་གི་དངུལ་གཏོང་དང་རྒྱལ་གཉེར་ཁེ་ལས་ཀྱི་ལས་གཞིར་དམིགས་ཏེ། གཙོ་གནད་སྒོས་དངོས་མིང་ཞིབ་བཤེར་སྒྲིག་སྲོལ་དང་གླ་ཕོགས་ཁག་ཐེག་མ་དངུལ། གླ་ཕོགས་ཆེད་སྤྱོད་རྩིས་ཐོ། སྤྱིའི་འགན་ལེན་གླ་ཕོགས་ཚབ་སྟེར། བརྡ་འཕྲིན་དབང་ཆ་སྤྱི་བསྒྲགས་སོགས་ཀྱི་སྒྲིག་སྲོལ་དོན་འཁྱོལ་གནས་ཚུལ་འགན་སྲུང་བྱེད་པར་ཞིབ་བཤེར་བྱས་ཏེ། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་གླ་ཕོགས་རྩིས་སྤྲོད་དོ་དམ་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ཁག་ཐེག་བྱས།
བྱ་འགུལ་ལ་དུས་རིམ་གསུམ་དུ་བགོས་ཏེ་ལག་བསྟར་བྱེད་རྒྱུ་རེད། དུས་རིམ་དང་པོ་ནི་དྲིལ་སྒྲོག་རྩད་ཞིབ་ཀྱི་དུས་རིམ་ཡིན་ཞིང་། སྲིད་ཇུས་བྱེད་ཐབས་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ་ཁེ་ལས་ཀྱི་གླ་ཕོགས་རྩིས་སྤྲོད་འགན་སྲུང་སྒྲིག་སྲོལ་དང་ཁྲིམས་ལྟར་ཞིང་བ་ལས་བཟོ་བར་གླ་ཕོགས་རྩིས་སྤྲོད་བྱེད་པའི་རང་འགུལ་རང་བཞིན་ལ་འགན་སྲུང་བྱེད་དགོས། དུས་རིམ་གཉིས་པ་ནི་གཅིག་བསྡུས་སྒོས་ཁྲིམས་ལུགས་ལག་བསྟར་དུས་རིམ་ཡིན་ཞིང་། གླ་ཕོགས་རྩིས་སྤྲོད་འགན་སྲུང་སྒྲིག་སྲོལ་ལ་དམིགས་ཏེ། དཔེ་བསྡུར་ཚད་བསྡུར་སྒོས་ཞིབ་བཤེར་བྱས་ནས། ཁྲིམས་འགལ་བྱ་སྤྱོད་ལ་དུས་བཀག་ལེགས་སྒྲིག་བྱེད་པ་དང་། ལེགས་བཅོས་མི་བྱེད་པར《སྲོལ་ཡིག》གི་གཏན་འཁེལ་ལྟར་སྲིད་འཛིན་ཐག་གཅོད་བྱེད་རྒྱུ་ཡིན། དུས་རིམ་གསུམ་པ་ནི་སྤྱི་བསྡོམས་སྙན་ཞུ་འབུལ་བའི་དུས་རིམ་ཡིན་ལ། ཆེད་སྤྱོད་བྱ་འགུལ་སྤེལ་བའི་གནས་ཚུལ་དང་ཟུང་འབྲེལ་སྒོས། དུས་ཐོག་ཏུ་ས་ཁུལ་སོ་སོའི་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་ས་སྤྱི་བསྡོམས་དབྱེ་ཞིབ་བྱས་ཏེ། ཐག་གཅོད་གནས་དོན་གྱི་བྱེད་ཐབས་བཏོན་ནས། བྱ་འགུལ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་པ་ཡིན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་གླ་ཕོགས་འགོར་འགྱངས་རྩ་བཅོས་བྱེད་པའི་དབྱར་དུས་ཆེད་སྤྱོད་བྱ་འགུལ་སྤེལ།