ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན་ནས་ཚེས2ཉིན་བར། རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་སུང་གིས་ཧུའུ་པེར་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་གྲུབ་པའི་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། “ཚན་རྩལ་གསར་གཏོད་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་ཆེ་བའི་གནད་དོན”སྐོར་ནས་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཉམ་དུ་རྟོག་ཞིབ་དུ་ཕེབས། 

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་གསར་གཏོད་ཞབས་ཞུ་ཚོམས་ཆེན། མཚོ་སྔོན་སློབ་ཆེན་སོགས་ཡུལ་དངོས་སུ་སོང་ནས། རང་ཞིང་གི་ཚན་རྩལ་གསར་གཏོད་བྱ་བར་རྒྱུས་ལོན་ཞིབ་མོ་བྱས། ཚེས2ཉིན་གྱི་སྔ་དྲོར། མགོན་པོ་བཀྲ་ཤིས་ཡིས་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་སྟེང་། ཞིང་ཆེན་ཚན་རྩལ་ཐིང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། མཚོ་སྔོན་སློབ་ཆེན། ཟི་ལིང་དཔལ་འབྱོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ཚན་རྩལ་གསར་གཏོད་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པ་མ་ཟད། རྟོག་ཞིབ་ཁོངས་མི་དང་བརྗོད་དོན་བཞུགས་མོལ་བྱས། 

དབྱང་སུང་གིས་གཏམ་བཤད་སྐབས་བཤད་རྒྱུར། ཚན་རྩལ་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པ་དང་། ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་བར་ཁྱད་སྔར་ལས་ཆེ་རུ་འགྲོ་བ་བཀག་འགོག་བྱ་ཆེད། ང་ཚོས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྐོར་ཞིག་རྩ་འཛུགས་བྱས་ཏེ“ཚན་རྩལ་གསར་གཏོད་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་ཆེ་རུ་འགྲོ་བའི་གནད་དོན”དང་དམ་དུ་འབྲེལ་ནས། མཚོ་སྔོན་སོགས་ནུབ་རྒྱུད་ས་ཁུལ་དུ་ཡུལ་དངོས་རྟོག་ཞིབ་བྱེད་དུ་ཡོང་བ་དང་། ནུབ་རྒྱུད་ཞིང་ཆེན་གྱི་སྒྲུབ་ཐབས་ལ་རྒྱུས་ལོན་དང་བླངས་པའི་ཉམས་མྱོང་། གནས་པའི་གནད་དོན་སོགས་ཀྱི་སྐོར་ནས། རྟོག་ཞིབ་སྙན་ཞུ་གྲུབ་པར་བྱས་ཏེ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་ལ་བསམ་འཆར་འདོན་རྒྱུ་ཡིན། ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད། ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་ཚད་མཐོན་པོའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་པ་ཚོར་ཞིང་། ཕན་འབྲས་ལྡན་པའི་བྱ་བ་མང་པོ་སྒྲུབ་ཅིང་། ཕན་འབྲས་མངོན་གསལ་བླངས་ཡོད། ཚན་རྩལ་གསར་གཏོད་ཐོན་ཁུངས་ལ་ལུགས་མཐུན་ངང་མཐུན་སྦྱོར་སྐུལ་འདེད་བྱེད་དགོས་ན། ཚོང་རའི་བྱེད་ནུས་ལ་མཐོང་ཆེན་བྱེད་དགོས་པ་མ་ཟད། སྲིད་གཞུང་གི་བྱེད་ནུས་འདོན་སྤེལ་དང་། ཐོན་ཁུངས་སྡེབ་སྒྲིག་སྒྲིག་གཞི་ཇེ་ལེགས་སུའང་གཏོང་དགོས། རེ་བར་ནུབ་རྒྱུད་ས་ཁུལ་གྱི་སྲིད་གྲོས་རྩ་འཛུགས་ཀྱིས་ཚན་རྩལ་གསར་གཏོད་ས་ཁོངས་འཕེལ་རྒྱས་གནད་དོན་ལ་དོ་སྣང་བྱེད་པ་དང་། སྲིད་གྲོས་སྟེགས་བུ་བརྒྱུད་དེ་ཐབས་འདོན་ཇུས་འབུལ་བྱས་ཏེ། ཚན་རྩལ་གསར་གཏོད་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་དགོས་པར་བསྟན། 

མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་ཆུང་ལ་རང་ཞིང་གི་ཞིང་ཆེན་གྱི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་གཞུག་ཏུ་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གཉིས་ལ་ཕེབས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་དང་མདུན་ལྗོངས་ལེགས་པོ་བྲིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་བ་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་ཚན་རྩལ་གསར་གཏོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ཚན་རྩལ་གྱི་གནད་འགག་ལག་རྩལ་འགག་སྒྲོལ། ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་ལ་ཤུགས་བསྣོན། ས་ཁོངས་མཉམ་ལས་བརྗེ་རེས་ཤུགས་དྲག་ཏུ་གཏོང་བ། གསར་གཏོད་གསོ་སྐྱོང་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་སྒོ་ནས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་། འོན་ཀྱང་དབུས་ཤར་རྒྱུད་ས་ཁུལ་དང་བསྡུར་ན་བར་ཁྱད་ད་དུང་ཡོད་པ་དང་། རེ་བར་རྟོག་ཞིབ་ཚན་ཆུང་གིས་ཧུར་ཐག་གིས་མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་མུ་མཐུད་དུ་ལས་འགན་ཕྲག་ཏུ་བླངས་ནས། ཚན་རྩལ་གསར་གཏོད་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་དམ་དུ་འབྲེལ་ནས། རྟོག་ཞིབ་གྲོས་མོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་བསྡུས་བྱེད་རྒྱུ་ཡིན་ཚུལ་བསྟན། །  

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།