ཀྲུང་གོ་བོད་ཀྱི་དྲ་བ།

​དབྱང་ཧའེ་ཅུན་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། པད་མ་རྫོང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་པད་མ་རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡི་ལས་བྱེད་མི་སྣ་དབྱང་ཧའེ་ཅུན་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཚབས་ཆེན་བཟོས་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་རེད། 

ཞིབ་བཤེར་བྱས་པ་བརྒྱུད། དབྱང་ཧའེ་ཅུན་ལ་ཕུགས་བསམ་དང་དད་སེམས་མེད་པར་གྱུར་ཏེ། རིན་ཐང་གི་ལྟ་བ་ལོག་པ་དང་། བག་མེད་ལོངས་སྤྱོད་ལ་ཞེན་ཆགས་པ། རང་ཉིད་རྒྱ་ཡན་དུ་བཏང་ནས་དུས་ཡུན་རིང་བོར་དྲ་རྒྱ་ནང་མགོ་འཁོར་ནས་བསྡད་པ་རེད། པད་མ་རྫོང་གྲོང་གསེབ་དར་སྤེལ་ཅུའུ་རུ་ལས་སྒྲུབ་བྱེད་སྐབས་ལས་གནས་ཀྱི་འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པ་དང་། བྱ་བའི་འགན་འཁྲི་མེད་པ། ནོར་སྲིད་དཔལ་འབྱོར་ལམ་ལུགས་དང་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ལ་ཚབས་ཆེན་འགལ་ཡོད་པ། ལས་གནས་ཀྱི་སྟབས་བདེ་བེད་སྤྱད་ནས་འབྲེལ་ཡོད་ཆེད་དོན་མ་དངུལ་ཁྲིམས་འགལ་ངང་བླངས་པ་དང་གྲངས་ཀ་ཧ་ཅང་མང་བས་གཞུང་ཞབས་པའི་སྤྱོད་གཙང་རང་བཞིན་དང་ཏང་ཡོན་ལས་བྱེད་པའི་སྣང་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོས། 

དབྱང་ཧའེ་ཅུན་ཏང་གི་སྒྲིག་ཁྲིམས་ལ་ཚབས་ཆེན་འགལ་ཡོད་པ་མ་ཟད། ལས་གནས་བེད་སྤྱད་ནས་ནག་ཉེས་ཚབས་ཆེན་བཟོས་ཡོད་པས། ངོ་བོ་ཚབས་ཆེན་ཡིན་པ་དང་ཤུགས་རྐྱེན་ངན་པ་ཐེབས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལྟར། པད་མ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་པད་མ་རྫོང་ཏང་ཨུར་ཡར་ཞུ་བྱས་ནས་ཆོག་མཆན་ཐོབ་པ་བརྒྱུད། དབྱང་ཧའེ་ཅུན་ཏང་ཁོངས་ནས་ཕྱིར་ཕུད་པར་གཏན་འབེབས་བྱས་པ་དང་།  པད་མ་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁོ་རང་ལ་གཞུང་གི་ལས་གནས་ནས་ཕྱིར་ཕུད་པའི་ཆད་པ་བཅད་ནས། དོགས་ཡོད་ནག་ཉེས་ཀྱི་གནད་དོན་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུ་ཡིན་པར་མ་ཟད་དེ་དང་འབྲེལ་པའི་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།