ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད་དེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་གལ་གྱི་ཆེན་དགོངས་དོན་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བའི”བརྗོད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་བྱས་ཏེ། སློབ་སྦྱོང་ལག་བསྟར་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོའི་བརྗོད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་བ་དེས། མིག་སྔར་གྱི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པར་དབྱེ་ཞིབ་གནང་ཡོད་པ་དང་། འདས་པའི་ལོ5ཡི་བྱ་བ་དང་དུས་རབས་གསར་པའི་ལོ10ཡི་འཕོ་འགྱུར་གསར་པ་གསལ་འགྲེལ་ཟབ་མོ་མཛད་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞུང་ལུགས་དང་ལག་ལེན་གནད་དོན་གལ་ཆེན་ལ་ཞིབ་འགྲེལ་གནང་ཞིང་། མ་འོངས་པའི་དུས་སྐབས་གཅིག་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གོང་དུ་སྤེལ་བའི་སྲིད་དོན་ཆེན་པོའི་བྱེད་ཕྱོགས་དང་འགུལ་སྐྱོད་རྩ་འཛིན་འགྲེལ་བརྗོད་ཞིབ་ཅིང་ཟབ་པ་མཛད་པ་བཅས་ལ། སྟོབས་དང་ལྡན་པའི་ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན། སྔར་ལས་ལྷག་པར་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་བློ་སྤོབས་གཅིག་བསྡུས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་ཆབ་སྲིད་སྐུལ་སློང་དང་བསམ་བློའི་དྲག་ཆས། གཞུང་ལུགས་མཛུབ་སྟོན་བཅས་ལེགས་པོར་སྒྲུབ་པར་ཧ་ཅང་གལ་ཆེ་བའི་ཆབ་སྲིད་དོན་སྙིང་དང་བསམ་བློའི་དོན་སྙིང་། ལག་ལེན་དོན་སྙིང་བཅས་ལྡན་ཞེས་བསྟན། 

ཚོགས་ཐོག་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་ངོས་འཛིན་ངེས་པར་དུ་ཇེ་ཟབ་ཏུ་གཏོང་བ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སྲོག་ཤིང་ལ་བློ་དཀར་བ་དང་སྲོག་ཤིང་ལ་གོང་བཀུར་ཞུ་བ། སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། དུས་རབས་གསར་པའི་འཕོ་འགྱུར་རླབས་ཆེན་གྱི་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དབུལ་ཐར་འགག་སྒྲོལ། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྤྱི་སྡོམ་ཟབ་མོ་བྱེད་པ། ཡིད་ཆེས་བློ་སྤོབས་ཇེ་དྲག་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གདེང་ཐོན་པར་བྱས་ནས། ལས་དོན་ཁག་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྙིང་པོར་ངེས་པར་དུ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིན་གལ་ཆེན་མཐའ་གཅིག་ཏུ་ཕྲག་ཏུ་བླངས་ལེན་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་རྩོམ་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས།  རྒྱལ་སྤྱི་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་པོའི་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ“ཆེ་ཕྱོགས་གཉིས”བློ་ལ་ཤོང་བར་བྱེད་པ་དང་། གནས་བབ་ཤན་འབྱེད་ཀྱི་གདེང་བརྟན་པོ་ཡོད་པ། མུ་མཐུད་དུ་སྟོབས་ཤུགས་གཅིག་ཏུ་བསྡུས་ཤིང་མཚོ་སྔོན་གྱི་དོན་དག་ལེགས་པར་བསྒྲུབས་ཏེ། ལས་དོན་ཁག་གི་གནས་སྟངས་གསར་པ་མུ་མཐུད་དུ་གསར་འབྱེད་བྱེད་དགོས། ལྷག་བསམ་རྣམ་དག་གིས་དམངས་དོན་གཉེར་བའི་བརྩེ་བའི་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་འཛུགས་པ། སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ལེགས་འཚོ་བ་གསར་སྐྲུན་གཉིས་སྐྱེ་ལྡན་ཟུང་འབྲེལ་དང་ཕན་ཚུན་གཉིས་ཕན་རྒྱུན་འཁྱོངས་བྱེད་པ། ཐུན་མོང་ཕྱུག་འགྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་གི་མང་ཚོགས་ལམ་ཐིག་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་འཚོ་བ་སྔར་ལས་སྤུས་ཚད་ཡོད་པ་དང་སྔར་ལས་སྐྱིད་པ། སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས། སྒོ་ཀུན་ནས་ཏང་ནན་མོས་སྐྱོང་བའི་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུགས་ལ་བྲེལ་བའི”བློ་རིག་གསལ་པོ་དང་བློ་རྩ་བརྟན་པོ་གཏན་དུ་སྲུང་འཛིན་བྱེད་པ། རང་སྟེང་གསར་བརྗེ་ཕོད་པར་བྱས་ཏེ། མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འབད་པས་སྐྲུན་དགོས། མིག་སྔར་གྱི་བྱ་བ་ལེགས་པོར་སྒྲུབ་པའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་གཏོང་བ་དང་། “རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་ཐུབ་པ། འཕེལ་རྒྱས་བདེ་འཇགས་ཡོང་ཐུབ་པའི”བླང་བྱ་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབས་ལེགས་པོ་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། བསམ་སྦྱོར་གཉིས་ངེས་པ་དོན་གྱིས་ཏང་ཀྲུང་དབྱང་གི་རྡར་གཅོད་དང་བཀོད་སྒྲིག་བླང་བྱའི་སྟེང་གཅིག་གྱུར་བྱེད་ཅིང་། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། འགན་འཁྲི་དངོས་འབེབས་ཇེ་དྲག་ཏུ་གཏོང་བ་དང་། ལྟ་ཞིབ་འདྲི་རྩད་ནན་མོ་འཛིན་པ། སྤྱོད་ཚུལ་འགྱུར་ལྡོག་ཇེ་དྲག་ཏུ་གཏོང་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་ཕན་ནུས་མཐོ་བའི་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དཔལ་འབྱོར་བརྟན་པོ་བཟོ་བའི་སྲིད་ཇུས་བྱེད་ཐབས་དངོས་འབེབས་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་དང་འབྲུ་རིགས་བདེ་འཇགས་འགན་སྲུང་། བཅོས་སྒྱུར་སྒོ་འབྱེད་གསར་གཏོད། དམངས་འཚོ་འགན་སྲུང་དང་ལེགས་བཅོས། གྲོང་གསེབ་དར་སྤེལ། བདེ་འཇགས་ཐོན་སྐྱེད་བརྟན་ལྷིང་སོགས་ཀྱི་ལས་དོན་ཁག་བྱེད་ཐབས་ནན་མོས་དངོས་འཛིན་བྱེད་པ། དུས་ཚིགས་གསུམ་པར་འབད་བརྩོན་དང་ལོ་སྨད་ལ་འབད་འཐབ་བྱས་ཏེ། ལོ་ཧྲིལ་པོར་བརྟན་པོ་ཡོང་བར་རྨང་གཞི་འདིང་དགོས། གཟབ་ནན་གྱི་གཞི་གདངས་གཙོ་བོ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྒོ་ཀུན་ནས་ཏང་ནན་མོས་སྐྱོང་བའི“འགན་འཁྲི་གཉིས”དངོས་འབེབས་ནན་ཏན་བྱེད་པ། འགན་ཁུར་པ་དང་པོའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། མགོ་ཁྲིད་ཚན་ཁག་གིས་དཔུང་སྡེ་ཁྲིད་པར་གཟབ་ནན་ཞིབ་གསུམ་གྱིས་འཛིན་པ། སྐོར་ཞིབ་ཕྱིར་སློག་དང་རྩིས་བཤར་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བཅོས་སྐྱོང་ལེགས་པར་བཟུང་སྟེ། རུལ་སུངས་མི་ཕོད་པ་དང་མི་ཐུབ་པ། མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། 

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཞེ་གཅིག་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པར་སློབ་སྦྱོང་ཟབ་མོ་བྱེད་པ་དང་། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པའི་དོན་སྙིང་ངོས་འཛིན་ཟབ་མོ་བྱེད་པ། ཆབ་སྲིད་ལངས་གནས་མཐོར་འདེགས་པ། དམག་དཔུང་འཇོན་མིའི་བྱ་བར་སེམས་ཁུར་རྒྱབ་སྐྱོར་བྱེད་པ། རང་འགུལ་སྒོས་གླེང་མོལ་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་སྟོབས་ཤུགས་ཡོད་དགུས་རྒྱབ་སྐྱོར་རམ་འདེགས་བྱེད་པ། དམག་མིའི་ཁྱིམ་མི་རྗེས་འདེད་ལས་ཞུགས་དང་བྱིས་པ་སློབ་ཞུགས་བུ་བཅོལ། གཟིགས་སྐྱོང་སྲིད་ཇུས་དངོས་འབེབས། དམག་ཁོངས་ལས་བུད་པར་འགན་སྲུང་སོགས་ཀྱི་ཕྱོགས་ནས་སེམས་ཁྲལ་དང་དཀའ་ངལ་སེལ་བར་ཧུར་ཐག་བྱས་ཏེ། འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས23པ་དང་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་བྱ་བའི་སྤྱི་སྡོམ་སྙན་ཞུ་ལ་མཉན་ཏེ། བྱ་བའི་སྤྱི་སྡོམ་ནན་ཏན་གྱིས་ལེགས་པོར་སྒྲུབ་པ་དང་། རྗེས་འདེད་འབྲེལ་མཐུད་ལ་ཤུགས་སྣོན་པ། སྟོན་ཚོགས་ཀྱི་གྲུབ་འབྲས་ཁག་དངོས་འབེབས་ལ་སྐུལ་འདེད་བཏང་སྟེ། སྟོན་ཚོགས་སྒྲུབ་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།