ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས“ཚོགས་ཆེན་ཉི་ཤུ་སྤྲོ་བས་བསུ། ལམ་བུ་གསར་པར་རྒྱང་སྐྱོད་བྱེད”ཅེས་པ་བརྗོད་གཞི་ཡིན་པའི་སྒྱུ་རྩལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་བྱས་ཏེ། ཟླ7པའི་ཚེས26ཉིན་ནས28ཉིན་བར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ“ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། ལམ་བུ་གསར་པར་རྒྱང་སྐྱོད་བྱེད”ཅེས་པ་བརྗོད་གཞིར་བྱས་པའི་སྒྱུ་རྩལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུན་ཚོགས7ནས་ཕེབས་པའི་གཞི་རིམ་རིག་རྩལ་རྐང་འཛིན་པ60ལྷག་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས།

ཐེངས་འདིའི་སྒྱུ་རྩལ་རྐང་འཛིན་པའི་གསོ་སྦྱོང་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་རིག་རྩལ་དཔྱད་བརྗོད་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞའོ་ལིན་ལགས་ཀྱིས《རྩོམ་རིག་གིས་མཚོ་སྔོན་གྱི་སྣང་བརྙན་བརྗོད》ཅེས་པ་འཆད་ཁྲིད་གནང་བ་དང་། 《མང་ཚོགས་སྒྱུ་རྩལ》(རྒྱ་ཡིག)གྱི་གཙོ་སྒྲིག་པ་དང་། 《བོད་ཀྱི་དམངས་སྲོལ་རིག་གནས》(རྒྱ་ཡིག)ཀྱི་གཙོ་སྒྲིག་གཞོན་པ་དང་རྩོམ་ཞུས་པ་དགེ་རྒན་མཁའ་འབུམ་ལགས་ཀྱིས《ཤུལ་བཞག་མ་ཡིན་པའི་བོད་རིགས་དམངས་ཁྲོད་རྩོམ་རིག་གི་ད་ལྟའི་གནས་ཚུལ་དང་རྒྱུད་འཛིན་སྲུང་སྐྱོབ》ཅེས་པ་འཆད་ཁྲིད་གནང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན་དང་མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རོལ་མོ་བའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་ཧྭའི་རིག་གནས་སྐུལ་སྤེལ་ཚོགས་པའི་ཚོགས་མི་དགེ་རྒན་གསང་བདག་ལགས་ཀྱིས《བོད་ཀྱི་སྲོལ་རྒྱུན་གླུ་གཞས་ཀྱི་ད་ལྟའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་མིག་སྔར་གྱི་གནད་དོན་ཅུང་ཙམ་གླེང་བ》ཞེས་པ་འཆད་ཁྲིད་གནང་བ་དང་། ཀྲུང་གོའི་ཡིག་གཟུགས་མཁན་མཐུན་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོའི་ཡིག་གཟུགས་མཁན་མཐུན་ཚོགས་འཁྱུག་བྲིས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཁན་མཐུན་ཚོགས་འཁྱུག་བྲིས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞེ་ཆོན་ཧྲིན་གྱིས《ཡིག་གཟུགས་ཀྱི་གོ་དོན》ཞེས་པ་འཆད་ཁྲིད་གནང་། ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ལས་འཛིན་པ་ཁྲིན་ཅུན་ཅི་ཡིས《རྩོམ་རིག་གཟུགས་བརྙན་ཅན》ཞེས་པ་འཆད་ཁྲིད་གནང་སྟེ་ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པར་བྱས།

འཆད་ཁྲིད་མཇུག་རྫོགས་རྗེས། མཐུན་ཚོགས་སོ་སོའི་སྒྱུ་རྩལ་པ་དང་རྩོམ་རིག་ལ་དགའ་མོས་ཅན་དག་ཧང་ཆུའི་འགྲམ་རྒྱུད་དང་རྩི་གོར་ཐང་། སྤྲེལ་ཐང་སོགས་སུ་སོང་སྟེ་ཡུལ་དངོས་བརྙན་ལེན་སྦྱོང་བརྡར་དང་རྩོམ་རིག་རྒྱུ་ཆ་འཚོལ་བསྡུ་བྱས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས“ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། ལམ་བུ་གསར་པར་རྒྱང་སྐྱོད་བྱེད”ཅེས་པ་བརྗོད་གཞིར་བཟུང་ཞིང་། གསོ་སྦྱོང་གི་སྐབས་སུ་མཐུན་ཚོགས་སོ་སོའི་ཚོགས་མིས་ཕན་ཚུན་སློབ་སྦྱོང་དང་བགྲོ་གླེང་བྱས་ཏེ། རང་ངོས་ཀྱི་རིག་རྩལ་བྱང་ཚད་དང་གསར་རྩོམ་ལག་ལེན་ཐད་ཕན་པ་ཆེན་པོ་ཐོབ་པར་མ་ཟད། ད་དུང་རིག་རྩལ་གྱི་ཟམ་ཆེན་ལ་བརྟེན་ནས་མཐུན་ཚོགས་སོ་སོས་ཕན་ཚུན་མཉམ་འབྲེལ་དང་བགྲོ་གླེང་བྱེད་པར་ནུས་ཤུགས་ཆེན་པོ་ཐོན།

གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་རྗེས་ཕྱོགས་ཀྱང་མུ་མཐུད་དུ་མི་གཤིས་བློ་སྦྱོང་ཐད་འཐུས་སྒོ་ཇེ་ཚང་དུ་གཏང་བ་དང་སྒྱུ་རྩལ་གསར་རྩོམ་གྱི་རྒྱུན་མུ་རུ་བསྲིངས་ཏེ། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་རིག་རྩལ་ལས་སྒྲུབ་པ་ཞིག་བྱ་རྒྱུ་བརྩོན་ལེན་བྱས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་དུ་འགྲོ་རྒྱུར་སྐུལ་འདེད་གཏང་ཆེད་རང་ངོས་ཀྱི་སྟོབས་ཤུགས་དབུལ་རྒྱུ་ཡིན་པའི་བསམ་པ་བསྟན།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པར་བརྟེན་མཚོ་ལྷོ་ཁུལ་གྱི་རིག་རྩལ་རྐང་འཛིན་པའི་ཆབ་སྲིད་ཀྱི་བྱང་ཚད་དང་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ཞིང་། རིག་རྩལ་རྐང་འཛིན་པའི་ཆབ་སྲིད་ངོས་འཛིན་གཅིག་མཐུན་དང་བསམ་བློའི་ངོས་འཛིན་གཅིག་མཐུན། བརྩེ་དུང་གི་ངོས་འཛིན་གཅིག་མཐུན་བཅས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་རྩལ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིག་རྩལ་བྱ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།