ཁོང་གོ་ཅིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པའི་བར་ངོ་རྒོལ་བྱ་འགུལ་སྤེལ་ཏེ་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་གོ་ཅིན་གྱི་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་བྱང་ཕྱོགས་ཀྱི་ཅི་ཝུའུ་བྱང་མ་ཞིང་ཆེན་ནས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པའི་བར་ངོ་རྒོལ་བྱ་འགུལ་སྤེལ་ཏེ་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་གཅིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པ་གཉིས་འདུས་ཟེར། 

བསྒྲགས་པ་ལྟར་ན། ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ས་ཁུལ་མང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པར་དམིགས་པའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པ་ཁོང་གོ་ཅིན་དང་འབྲལ་དགོས་པའི་རེ་བ་བཏོན། ཚེས་ཉེར་ལྔ་ཉིན་རྔམ་སྟོན་ཁྲོམ་སྐོར་མཁན་སྐོར་ཞིག་གི་བར་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀི་མཱ་གྲོང་ཁྱེར་ནས་འཁྲུག་རྩོད་བྱུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པའི་དོན་གཅོད་ཁང་དུ་འཕྲོག་བཅོམ་བྱས། ཚེས་ཉེར་དྲུག་ཉིན། ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་པུའུ་ཐིན་པའོ་གྲོང་ཁྱེར་དུ། འཇབ་རྒོལ་མཁན་གྱིས་ཁོང་གོ་ཅིན་གྱི་ཉེན་རྟོག་པའི་ལག་ནས་མཚོན་ཆ་འཕྲོག་སྟེ། ཞི་བདེ་སྲུང་སྐྱོབ་མི་སྣར་མེ་མདས་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་གཅིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར། 

ཁོང་གོ་ཅིན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཡཱ་ཡཱ་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་རྒྱལ་ས་ཅིན་ཧྲ་སཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ངོ་རྒོལ་བྱ་འགུལ་དེ་ལས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། པུའུ་ཐིན་པའོ་གྲོང་ཁྱེར་གྱི་དོན་རྐྱེན་ལ་ཚོ་ཁག་དྲག་ཆས་པ་མཱ་དབྱེ་མཱ་དབྱེ་ཡི་ཤུགས་རྐྱེན་ཐེབས་ཡོད་པ་རེད། མུའུ་ཡཱ་ཡཱ་ཡིས་ས་དེའི་མང་ཚོགས་ཀྱིས་རང་ཚོད་བཟུང་སྟེ་ཁོང་གོ་ཅིན་སྲིད་གཞུང་གིས་ཤུགས་ཆེན་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པའི་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པའི་འགན་ཁུར་བ་ཚབ་མ་ཏིས་ཡཱ་ནེ་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་འབྲེལ་ཡོད་དོན་རྐྱེན་ལ་རྟོག་ཞིབ་ནན་མོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པས་རྔམ་སྟོན་ཁྲོམ་སྐོར་མི་སྣར་མེ་མདས་བརྒྱབ་མེད་པ་ནན་གྱིས་བསྟན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པ་ནི་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་མངག་ཚོགས་པ་ལས་བྱུང་བ་དང་། ཁོང་གོ་ཅིན་གྱིས་གནས་བབ་དུས་རིམ་གསར་བར་བསླེབ་པར་དམིགས་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་ལོར་གྲོས་ཆོད་བཀོད་དེ། ལོ་དེའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཚོགས་པ་དེའི་མིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོའི་གཏན་འཇགས་ཆེད་མངག་ཚོགས་པར་བསྒྱུར་བ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།