ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གཏོང་མགོ་བརྩམས་ཏེ་ལོ་ངོ70འཁོར་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རྟེན་འབྲེལ་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཝང་ཏ་ནན་གྱིས་གསུང་བཤད་གནང་བ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བཞུགས་མོལ་ཚོགས་འདུར་ཞུགས།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྟེན་འབྲེལ་ཤིས་ཚིག་ནང་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། བོད་སྐད་རླུང་འཕྲིན་གཏོང་མགོ་བརྩམས་ཏེ་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མི་རིགས་སྐད་ཡིག་སྨྱན་བྱད་ལས་སྒྲུབ་པའི་བློ་མཐུན་ཚོར་འཚམས་འདྲི་ཞུས་ལ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལོ་ངོ70རིང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། རེ་བར་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རླུང་འཕྲིན་གཏོང་མགོ་བརྩམས་ཏེ་ལོ་ངོ70འཁོར་བ་དེ་མགོ་རྩོམ་སར་བཟུང་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པར་བྱས་ཏེ། བློ་སེམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱོགས་པ་དང་། བློ་སེམས་ཏང་ཀྲུང་དབྱང་ལ་ཕྱོགས་ཏེ། ཏང་གི་ཁ་ལ་ཉན་པ་དང་ཏང་ལ་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲངས་ཏེ། རང་འགུལ་ངང་དར་ཆ་མཐོན་པོར་བསྒྲེངས་ཏེ། དམངས་སེམས་གཅིག་སྒྲིལ་དང་མི་གཞི་གསོ་སྐྱོང་། རིག་གནས་དར་རྒྱས། སྣང་བརྙན་མངོན་པའི་ལས་འགན་ཕྲག་ཏུ་བླངས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་བླང་བྱ་བཀོད་སྒྲིག་ལྟར། བོད་འབྲེལ་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་བསྟན་དོན། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་ལེགས་པོར་སྒྲུབ་དགོས་ན། ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དེ་གོ་གནས་དང་པོར་འཇོག་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་ལངས་ཕྱོགས་དྲིལ་སྒྲོག ཏང་གི་ཕུགས་འདུན་མངོན་པ་བཅས་བྱས་ཏེ། ཏང་གི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས་དང་ལག་ལེན་མཛུབ་སྟོན། མི་དམངས་ལ་སློབ་གསོ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་དང་དྲིལ་སྒྲོག དེ་མིན་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་བསུ་མ་དང་དྲིལ་སྒྲོག ལག་བསྟར་བྱེད་པ་འབུར་ཏུ་བཏོད་དགོས་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་བྱས་ཏེ། མགྱོགས་མྱུར་ངང་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་སྒུལ་ཤུགས་དང་གླེང་ཕྱོགས་ཀྱི་གཞོགས་འདེགས་མཁོ་འདོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་སྣེ་ཁྲིད་མཁན་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་སྣེ་ཁྲིད་མཁན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་ལས་དབང་དང་གཟི་བརྗིད་མཉམ་གནས་ཀྱི་འདུ་ཤེས་ཆགས་སུ་བཅུག་སྟེ། རིགས་སོ་སོའི་མི་རིགས་ཀྱི་མི་སེམས་གཅིག་སྒྲིལ་དང་། བསམ་བློ་གཅིག་ལ་གཅིག་བརྟེན་བྱེད་པར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་བདེན་སྲུང་གསར་གཏོད་དང་ནང་དོན་ཕྱོགས་སྟོན་བྱ་བ་ལེགས་པོར་སྒྲུབ་ནས། ཆུ་ཚད་མཐོ་བའི་དྲིལ་སྒྲོག་སྟེགས་བུ་འཛུགས་པ་རྒྱུན་འཁྱོངས་ཀྱིས། བློ་བརྟན་འགྱུར་མེད་ངང་ཏང་གི་སྲིད་ཇུས་ལངས་ཕྱོགས་ཀྱི་དྲིལ་སྒྲོག་མཁན་དང་དུས་རབས་འགྱུར་ལྡོག་གི་ཟིན་ཐོ་འགོད་མཁན། སྤྱི་ཚོགས་ཡར་རྒྱས་ཀྱི་སྐུལ་འདེད་མཁན། དྲང་བདེན་དྲང་བཞག་གི་བརྟན་སྲུང་བ་བཅས་བྱས་ནས། བོད་འབྲེལ་གསར་འགྱུར་གླེང་ཕྱོགས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་གྱིས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།
ཚོགས་འདུའི་སྟེང་། ཚོགས་ཞུགས་མགོ་ཁྲིད་ཀྱིས་མཚོ་སྔོན་བོད་སྐད་རླུང་འཕྲིན་བྱ་བ་སྒྲུབ་ནས་ལོ་ངོ30འགོར་བའི་བློ་མཐུན་སྐོར་ཞིག་ལ་དཔང་ཡིག་གནང་བ་དང་། གསར་འགོད་རྩོམ་སྒྲིག་འཐུས་ཚབ་དང་།ལས་འཁྱུར་ངལ་གསོའི་ལས་བཟོ་བའི་འཐུས་ཚབ། ཉན་མཁན་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་བོད་སྐད་རླུང་འཕྲིན་གཏོང་མགོ་བརྩམས་ཏེ་ལོ་ངོ70འཁོར་བའི་བཞུགས་མོལ་ཚོགས་འདུ་བསྡུས།