ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མུར་ལོ་བཅུ་བཞིའི་རིང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་ཚད་ཐིག་ཇེ་མཐོར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཁྱབ་སྤེལ་ཏེ། 2022ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ཇེ་མཐོར་གཏོང་རྒྱུའི་ཐག་བཅད། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མུར་ལོ་བཅུ་བཞིའི་རིང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ལེགས་སྒྲིག་དང་ཇེ་མཐོར་བཏང་བ་ཡིན་ལ། གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་གསར་བ་དེ2022ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་དེ་ཟླ་རེར་ཆ་སྙོམས་ཀྱིས་སྒོར28ཇེ་མཐོར་བཏང་ནས་ཟླ་རེར་སྒོར700ལ་སླེབས་ཡོད་ཅིང་། 4.2%གྱིས་ཇེ་མང་དུ་སོང་ཡོད། ཞིང་སྡེ་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ལོ་རེར་ཆ་སྙོམས་ཀྱིས་སྒོར492ཇེ་མཐོར་བཏང་ནས་ལོ་རེར་སྒོར5676ལ་སླེབས་ཡོད་ཅིང་། 9.5%ཡིས་ཇེ་མང་དུ་སོང་ཡོད། དེ་དང་ཆབས་ཅིག དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མི་སྣའི་འགན་སྲུང་ཚད་ཐིག་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་ཐིག མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་སོགས་མཉམ་འབྲེལ་མཉམ་འགུལ་གྱི་རྐྱེན་སྲོལ་གཞིར་བཟུང་སྟེ། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མི་སྣའི་འགན་སྲུང་ཚད་ཐིག་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་ཐིག་ཀྱང་མཉམ་དུ་ཇེ་མཐོར་བཏང་ཡོད། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མི་སྣའི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་ཟླ་རེར་ཆ་སྙོམས་གྱིས་སྒོར42གྱིས་ཇེ་མཐོར་བཏང་ནས་ཟླ་རེར་སྒོར1050ལ་སླེབས་ཡོད། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་ཐིག་དེ་ད་ལྟའི་མ་མཐའི་འཚོ་བའི་འགན་སྲུང་ཚད་ཐིག་གི་རྨང་གཞིའི་སྟེང་མི་རེར་ཟླ་རེར་སྒོར42གྱིས་ཇེ་མཐོར་བཏང་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོའི་དམངས་སྲིད་དང་ནོར་སྲིད་སྡེ་ཁག་གིས་ཇེ་མཐོར་བཏང་རྗེས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གྲོན་དངུལ་དང་། དམིགས་བསལ་དཀའ་ཁག་མི་སྣ་དང་དྭ་ཕྲུག་གསོ་སྐྱོང་གི་རོགས་དངུལ་དུས་ལྟར་ཁ་གསབ་བྱེད་རྒྱུ་ཡིན་ལ། རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་ཀྱི་དཀའ་ཁག་ཅན་གྱི་མང་ཚོགས་དུས་ལྟར་འགན་སྲུང་ཁྱབ་ཁོངས་ནང་འཇོག་རྒྱུ་རེད།  དེ་དང་ཆབས་ཅིག བྱེད་ཐབས་སྣ་ཚོགས་སྤྱད་དེ་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་དམངས་ཕན་ལས་དོན་དང་། དམངས་ཀྱི་དཀའ་སྡུག་སེལ་བའི་སྲིད་ཇུས་བྱེད་ཐབས་དུས་ལྟར་ཤེས་ཐུབ་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱིས་དམངས་སྲིད་ཁྱབ་ཁོངས་ཀྱི་དམངས་ཕན་སྲིད་ཇུས་ཤེས་ཚད་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་བཏང་སྟེ། སྤྱི་ཚོགས་སྟེང་རྣམ་པ་བཟང་པོ་བསྐྲུན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།