ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གི་ཚོད་ལྟའི་སློབ་འབྲིང་གཉིས་ཀྱིས་ཁུལ་དྲུག་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་སྟོན་དུས་སུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གཉིས་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་མཐོ་གཅིག་གི་སློབ་མ150བསྡུ་རྒྱུ་ཡིན་པ་དང་། སློབ་བསྡུ་འཆར་གཞི་དེ་རོང་འབྲོག་པར་དམིགས་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་ལ་རོང་འབྲོག་ཁྱིམ་ཚང་གི་བྱིས་པ་བསྡུ་རྒྱུ་རེད། 

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གིས་བསྡོམས་པས་སློབ་མ100བསྡུ་རྒྱུ་ཡིན་ལ། སོ་སོར་མཚོ་ནུབ་ཁུལ་ནས་སློབ་མ35དང་། རྨ་ལྷོ་ཁུལ་ནས་སློབ་མ30། མཚོ་ལྷོ་ཁུལ་ནས་སློབ་མ15། མཚོ་བྱང་ཁུལ་ནས་སློབ་མ15། ཡུས་ཧྲུའུ་ཁུལ་ནས་སློབ་མ5བཅས་བསྡུ་རྒྱུ་རེད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གཉིས་པས་བསྡོམས་པས་སློབ་མ50བསྡུ་རྒྱུ་ཡིན་པ་དང་། སོ་སོར་མཚོ་ནུབ་ཁུལ་ནས་སློབ་མ15དང་། མཚོ་ལྷོ་ཁུལ་ནས་སློབ་མ15། རྨ་ལྷོ་ཁུལ་ནས་སློབ་མ15། མགོ་ལོག་ཁུལ་ནས་སློབ་མ5བཅས་བསྡུ་རྒྱུའི་འཆར་གཞི་ཡོད་པ་རེད། སློབ་གྲྭའི་སློབ་བསྡུའི་ཆ་རྐྱེན་དང་མཐུན་དགོས་ལ། ཁུལ་དང་རྫོང་གི་ཁྱིམ་ཐོ་ཡིན་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲིང་རྒྱུགས་ནང་ཞུགས་ཡོད་པར་མ་ཟད་རང་ས་གནས་ཀྱི་རྒྱུགས་འབྲས་སྐར་གྲངས་ཚད་གཞིར་སླེབས་ཡོད་པ་དང་།  སློབ་མའི་ཕྱོགས་བསྡུས་བྱང་ཚད་ཚད་ལྡན་ཅན་ལ་སླེབས་ཡོད་པ་དང་སློབ་གྲྭའི་སྒྲིག་ལམ་ལ་འགལ་མེད་པའི2020ལོའི་དམའ་འབྲིང་མཐར་ཕྱིན་སློབ་མ་ཡིས་རང་མོས་ངང་མིང་ཐོ་འགོད་ཆོག

སློབ་མ་བསྡུ་བའི་དུས་ཚོད་དང་སློབ་བསྡུ་བྱེད་ཐབས་ནི་ཁུལ་དང་རྫོང་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་དང་། ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གཉིས་པ་བཅས་མཉམ་དུ་སློབ་བསྡུ་བྱ་ཐབས་གྲོས་མོལ་གཏན་ཁེལ་བྱས་ནས། ཕྱོགས་གཉིས་ཀྱིས་བཞག་པའི་གན་རྒྱའི་ནང་དོན་ལག་བསྟར་བྱ་རྒྱུ་ཡིན་ལ། སློབ་གྲྭས་སློབ་མའི་སྡོད་ཁང་འདོན་སྤྲོད་མི་བྱེད། སློབ་གྲྭས་ས་གནས་དེ་གའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་བསྡུ་བྱའི་སློབ་མའི་འོས་སྦྱོར་གནས་ཚུལ་ཉིན10རིང་ལ་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་མ་ཟད། སྤྱི་བསྒྲགས་བྱེད་པའི་ནང་དོན་ལ་འབྲིང་རྒྱུགས་ཀྱི་སྐར་གྲངས་དང་ཁྱིམ་ཐོའི་གནས་ཚུལ། ཁྱིམ་བདག་གི་བྱ་བ་དང་ལས་ཁུངས་ཀྱི་གཞི་རྩའི་ཆ་འཕྲིན་སོགས་འདུས། ཁུལ་དང་རྫོང་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་རང་འགུལ་ངང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་དང་། ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གཉིས་པའི་བར་གྲོས་མོལ་བྱས་ནས་གྲོས་མཐུན་བྱུང་རྗེས། སློབ་གྲྭས་གཏན་འཁེལ་བྱས་པའི་དུས་ཚོད་ལྟར། སློབ་བསྡུ་བཀོད་སྒྲིག་དང་སློབ་ཁུངས་བརྗེ་བསྒྱུར། སློབ་ཁྲིད་བཀོད་སྒྲིག  སློབ་མ་དོ་དམ་སོགས་ཀྱི་ཞབས་ཞུ་དང་འགན་ལེན་བྱ་བར་རོགས་འདེགས་བྱ་དགོས་ལ། ཆོག་མཆན་མ་ཐོབ་གོང་དུ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་དང་། ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གཉིས་པས་རང་འགུལ་ངང་སློབ་མ་བསྡུ་བ་དང་།   སློབ་བསྡུ་ཁྱབ་ཁོངས་བརྒལ་བ། སློབ་བསྡུ་བྱེད་སྟངས་སྒྱུར་བ་བཅས་ཀྱི་སྟེང་ནས་སློབ་མ་བསྡུ་མི་རུང་བ་དང་། སློབ་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་ལོག་ནས་སློབ་རིམ་འཕར་བའི་རྒྱུགས་གཞི་ནང་ཞུགས་དགོས། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།