ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་བྱང་ཚད་མཐོ་བའི་རོང་འབྲོག་པ་ཁྲི1ཡན་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་བཟོས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི2022ལོའི་བྱང་ཚད་མཐོ་བའི་རོང་འབྲོག་པ་གསོ་སྐྱོང་བྱ་བའི་ཇུས་གཞི》(གཤམ་ནས《ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་སློབ་གསོ་གསོ་སྦྱོང་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ད་ལོར་རིགས་སོ་སོའི་རོང་འབྲོག་པ་ཁྲི1ཡན་གསོ་སྐྱོང་བྱ་རྒྱུ་གསལ་པོར་བཟོས་ཏེ། གྲོང་གསེབ་དེར་སྤེལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བར་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད། 

《ཇུས་གཞི》ལས་སློབ་གསོ་གསོ་སྦྱོར་བྱ་བས“དགོས་མཁོ་ཕྱོགས་སྟོན་དང་ཐོན་ལས་གཙོ་སྐུད། རིམ་དགར་ཇུས་བསྟར། རིམ་ཡོངས་གསོ་སྐྱོང”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཐོན་བརྟན་ཐོན་འཕར་དང་། ཞིང་ཕྱུགས་ཐོན་ལས་དར་རྒྱས། ཞིང་པའི་འབབ་འཕར་བརྟན་ལྷིང་། ཞིང་སྡེ་བརྟན་ཐོག་བདེ་ལྷིང་གཙོ་བོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བསླད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྐྲུན་པའི་བྱ་བའི་ལས་འགན་གཙོ་བོ་ཁག་ལ་དམིགས་པ། གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་སྐུལ་འདེད་ནན་ཏན་གཏོང་བ། རྒྱལ་གཉེར་ཞིང་ཕྱུགས་ར་དང་ཁྱིམ་ཚང་ཞིང་ཕྱུགས་ར་གཉེར་སྐྱོང་པ། རོང་འབྲོག་པའི་མཉམ་ལས་ཁང་གི་སྣེ་ཁྲིད་པ་དང་འདེབས་གསོ་ཁྱིམ་ཆེན་བཅས་ལ་གཙོ་བོར་ཁ་ཕྱོགས་པ། གསར་དར་ཞིང་ལས་གཉེར་སྐྱོང་དང་ཞབས་ཞུ་བྱེད་པོའི་ནུས་པ་དང་། འདེབས་གསོ་མཁས་པའི་རྩལ་ནུས་གསོ་སྦྱོང་། ཞིང་སྡེ་གསར་གཏོད་ལས་གཏོད་པ་གསོ་སྐྱོང་། ཞིང་སྡེ་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་པ་གསོ་སྐྱོང་སོགས་ཀྱི་འགུལ་སྐྱོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

《ཇུས་གཞི》ལས་ས་གནས་སོ་སོའི་ཞིང་ལས་ཞིང་སྡེ་པུའུ་ཡིས་རྨང་གཞི་འདེགས་སྐྱོར་ལེགས་པར་འཛིན་པ་དང་། གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པར་བསླབ་ཚན་བཀོད་སྒྲིག་བྱེད་པ། ལག་ལེན་སློབ་ཁྲིད་ལ་མཐོང་ཆེན་བྱེད་པ། དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་སྤྱོད་པ། “ལག་ལེན་སྦྱོར་བརྡར་གཙོ་བོ་དང་། དུམ་མཚམས་བགོ་བའི་རྣམ་པ། ཟབ་ཞུགས་རྣམ་པ། སྤེལ་རེས་རྣམ་པ”བཅས་ཀྱི་རྣམ་པ་བརྒྱུད་ནས་སློབ་གསོ་གསོ་སྦྱོང་སྤེལ་དགོས། དུས་མཚུངས་སུ། བུད་མེད་མཐུན་ཚོགས་དང་གུང་གཞོན་ཚོགས་པ་སོགས་དང་མཉམ་འབྲེལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཞིང་པ་བུད་མེད་དང་ན་གཞོན་རོང་འབྲོག་པར་ཆེད་དོན་གསོ་སྦྱོར་སྤེལ་བ། རོང་འབྲོག་པ་ཚན་རྩལ་ཁྱབ་གདལ་བྱ་འགུལ་ལ་ཞུགས་པར་རྩ་འཛུགས་བྱེད་པ། དུས་ཐོག་ཏུ་ཞིང་ཕྱུགས་ལས་ཀྱི་གྲུབ་འབྲས་གསར་པ་དང་ལག་རྩལ་གསར་པ། འདུ་ཤེས་གསར་པ་སྒྲོག་སྤེལ་བྱེད་པ། རིག་གནས་ཡོད་པ་དང་། ལག་རྩལ་རྟོགས་པ། གཉེར་སྐྱོང་ལ་མཁས་པ། དོ་དམ་བྱེད་ཤེས་པའི་བྱང་ཚད་མཐོ་བའི་རོང་འབྲོག་པའི་དཔུང་ཁག་ཅིག་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།