ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་མགོ་འཛིན་མཛད་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱས་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་བྱས་ཏེ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། 

ཚོགས་ཐོག་ནས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། བཅོས་སྒྱུར་སྐུལ་སྤེལ་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། གཞི་གྲངས་ཀྱི་རྐྱེན་གཙོ་བོའི་ནུས་པ་འདོན་པར་སྟོབས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཁུལ་བགོས་དང་། ཚན་རྩལ་འཇོན་མིའི་གདེང་འཇོག སྟེགས་བུས་དངུལ་གཏོང་། ཁེ་ལས་ལྟ་རྟོག་དོ་དམ་སོགས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་ཤུགས་སྣོན་དང་ལེགས་བཅོས་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱིི་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་འབད་པ་ཆེན་པོས་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།  

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་བྱ་བའི་བསམ་འཆར་གྲོས་གཞི་ལ་ཞིབ་འཇུག་བསྡུ་ལེན་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། གནས་བབ་གསར་པའི་འོག་གི་མང་ཚོགས་ལམ་ཐིག་ལེགས་པར་བགྲོད་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། མཉམ་འབྲེལ་དྲ་རྒྱ་སོགས་བརྒྱུད་ལམ་སྣ་ཚོགས་བརྒྱུད་ནས་དགོས་མཁོ་དམངས་ལ་འདྲི་བ་དང་ཇུས་བློ་དམངས་ལ་འདྲི་མཁས་པར་བྱེད་པ། སྔར་ལས་ལྷག་པར་དམངས་ཀྱི་འབོད་སྐད་ལ་ཉན་པ་དང་། དམངས་ཀྱི་འདོད་བློར་བརྩི་བཀུར་བྱེད་པ། དམངས་སེམས་དང་མཐུན་པར་བྱེད་པ་བཅས་ཀྱི་སྒོ་ནས། ཚན་རིག་དང་མཐུན་པའི་ཇུས་ཆོད་ཆུ་ཚད་མཐོར་འདེགས་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཧུ་པའེ་ཝུའུ་ཧན་དུ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གསར་གཏོད་སྒུལ་སློང་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། ཚན་རྩལ་ལམ་ལུགས་བཅོས་སྒྱུར་ལོ་གསུམ་འགུལ་སྐྱོད་དང་རྨང་གཞི་ཞིབ་འཇུག་ལོ་བཅུའི་འགུལ་སྐྱོད་དངོས་འཛིན་བྱེད་པ། ལག་རྩལ་གལ་ཆེན་འགག་སྒྲོལ་སྤེལ་བ། ཚན་རྩལ་གསར་གཏོད་ཀྱི་བྱེད་པོ་རིགས་སོ་སོ་འབད་པས་གསོ་སྐྱོང་བྱས་ཏེ། སྔར་ལས་མང་པའི་ལག་རྩལ་གསར་པ་དང་ཐོན་ལས་གསར་པ་སྐྱེད་པར་སྐུལ་དགོས། “འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་སྡོད་ཁུལ་གྱི་ནུས་པ་གལ་ཆེན་ལེགས་པར་འདོན་པ། ཚན་རིག་དང་མཐུན་པའི་འགོག་སྡོམ་དང་གནད་འཁེལ་འགོག་སྡོམ་གྱི་ཆུ་ཚད་མཐོར་བཏེགས་ཏེ། ཐོབ་དཀའ་བའི་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་ལས་བསྐོ་མཛད་སྒོར་ཞུགས་པ་དང་ཞང་ཀང་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གླེང་མོག་ཐེངས་བཅུ་བཞི་པ། འཛམ་གླིང་འཕེལ་རྒྱས་མཐོ་རིམ་གླེང་མོལ་སྐབས་ཀྱི་བརྗོད་སྙིང་གཏམ་བཤད་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོར་བརྒྱུད་སྒྲོག་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕུན་སུམ་ཚོགས་པས་ཞང་ཀང་དུ་འཛམ་གླིང་ཐུན་མོང་དུ་ངོས་ལེན་ཐོབ་པའི་གྲུབ་འབྲས་བླངས་པ་དང་། རིན་ཐང་བྲལ་བའི་ཉམས་མྱོང་དང་བློ་འབྱེད་ཟབ་མོ་བཞག་པར་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཐུན་མོང་གིས་སྲུང་སྐྱོང་བྱེད་པ་དང་ཐུན་མོང་གོང་སྤེལ་དར་རྒྱས་མངོན་འགྱུར་བྱེད་པ་སོགས་འདུ་ཤེས་དང་ལྟ་བ་གལ་ཆེན་རབ་དང་རིམ་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ཡང་དག་པར་ལག་བསྟར་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་བློ་བརྟན་འགྱུར་མེད་ཀྱིས་རྒྱ་བསྐྱེད་དེ། གསར་གཏོད་སྒོ་འབྱེད་ཡིན་པའི་དེང་རབས་ཅན་གྱིི་མཚོ་སྔོན་གསར་པ་མྱུར་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས་བློ་མཐུན་ཝང་དབྱང་མཚོ་སྔོན་དུ་རྟོག་ཞིབ་ཏུ་ཕེབས་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། བློ་མཐུན་ཝང་དབྱང་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་པར། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུབས་ཁུར་ཟབ་མོ་བསྣམས་ཡོང་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་མཐུན་ཝང་དབྱང་གི་གསུང་བཤད་བླང་བྱ་དངོས་འབེབས་ནན་ཏན་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “ཚན་ཚོགས་རྣམ་པའི”རོགས་སྐྱོར་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁ་གཏད་མཚོ་སྔོན་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཐུན་སྦྱོར་རིམ་སྤོར་པར་གཞི་སྐྲུན་པ། དམངས་འཚོ་ལེགས་བཅོས་འགན་སྲུང་ལ་འབད་བརྩོན་བྱེད་པ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་པ། མི་རིགས་སོ་སོ་བརྗེ་རེས་གླེང་མོལ་མཉམ་འདྲེས་ལ་སྐུལ་བ། འབབ་འཕར་ཕྱུག་འགྱུར་གྱི་བརྒྱུད་ལམ་རྒྱ་བསྐྱེད་དེ། རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས་ཟླ6པའི་ཚེས22ཉིན་དང་ཚེས29ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། ཉེན་བརྡ་དང་འཕྲལ་བསྟུན་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆུ་ལོག་གནོད་འཚེ་འགོག་པའི་བྱ་བ་ཁག་སྟོབས་ཤུགས་ཡོད་དགུས་ལེགས་པོར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་ལེགས་པར་འཛིན་པ། རྣང་མའི་དོ་དམ་ལ་ཤུགས་བསྣན་ཏེ། འབྲུ་རིགས་ཐོན་སྐྱེད་འཕར་ཞིང་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས། འཛད་སྤྱོད་ལ་སྐུལ་བའི་སྲིད་ཇུས་ལག་བསྟར་ལེགས་པོ་བྱས་ཏེ། རླངས་འཁོར་སོགས་འཛད་སྤྱོད་བག་ཉལ་ནུས་པ་ཆེན་པོ་ཕྱིར་གཏོང་དགོས། རྒྱལ་ཁབ་ཀྱི་དངུལ་ལོར་བུན་དབང་གཏོང་བ་སོགས་སྲིད་ཇུས་གལ་ཆེན་རྗེས་སྙེག་དངོས་འབེབས་བྱས་ཏེ། གཙོ་གནད་ལས་གཞི་ཇུས་འགོད་ལག་བསྟར་ལེགས་པོ་བྱེད་དགོས། བྱ་བར་བརྟེན་ནས་དར་སྤེལ་གཏོང་བའི་ལག་བསྟར་བྱེད་ཤུགས་ཆེན་པོས་ལག་ཏུ་བསྟར་ནས། ལས་ཞུགས་བརྟན་པོས་དམངས་འཚོ་སྲུང་བར་འབད་པ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ན《སྲིད་འཛིན་ཆོག་མཆན་ལས་དོན་ཁག་གི་གསལ་ཐོ་དོ་དམ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བའི་སྐོར་གྱི་བརྡ་སྦྱོར》དང་། 《མཚོ་སྔོན་ཞིང་ཆེན་གྱིས<རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་ཚད་གཞི་ཅན་སྟབས་བདེ་ཅན་ལ་སྐུལ་འདེད་མགྱོགས་པོར་གཏོང་བའི་སྐོར་གྱི་བསམ་འཆར>ལག་བསྟར་དངོས་འབེབས་བྱེད་པའི་བྱ་བའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་སྟེ། རྒྱལ་ཁབ་སྦྲེལ་མཐུད་དང་། ཞིང་ཆེན་རིམ་པས་སྤྱི་འདོམས། རིམ་དགར་འགན་ཁུར། ལས་དོན་ཁག་གཅིག་གྱུར། དབང་འགན་གསལ་པོ་ཡིན་པའི་སྲིད་འཛིན་ཆོག་མཆན་ལས་དོན་ཁག་གི་གསལ་ཐོ་མ་ལག་བསྐྲུན་ནས་ཆགས་པར་བྱེད་པ་དང་། སྲིད་འཛིན་ཆོག་མཆན་ལས་དོན་ཁག་གསལ་ཐོ་དོ་དམ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ། ཁྲིམས་ཀྱི་མ་གནང་བའི་དབང་ཆ་མི་སྤྱོད་པ་དང་། ཁྲིམས་ཀྱི་གཏན་ལ་ཕབ་པའི་ལས་འགན་ངེས་པར་དུ་སྒྲུབ་པ། གསལ་ཐོ་ལས་བརྒལ་བའི་ལས་དོན་མེད་པ་སྒྲུབ་ཐུབ་པར་བྱེད་དགོས། “སྤྱོད་ཚུལ་སྒྱུར་བ་དང་སྔོན་ཐོན་ལ་བརྩོན་ཕོད་པའི”སྤྱོད་ཚུལ་འཛུགས་སྐྱོང་འགུལ་སྐྱོད་ལ་སྔར་ལས་ལྷག་པར་གཏིང་ཟབ་མོར་སྐུལ་བ། དག་ཐེར་ལེགས་བཅོས་ཀྱི་གནད་དོན་འབུར་ཐོན་འཚོལ་བ། སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་བ། སྲིད་གཞུང་གི་ཞབས་ཞུ་མུ་མཐུད་དུ་ལེགས་སྒྱུར་བྱས་ཏེ། སྲིད་གཞུང་གི་སྲིད་འཛིན་ཕན་ནུས་མཐོར་འདེགས་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཚོང་རའི་དོ་དམ་དེང་རབས་ཅན་གྱི་འཆར་འགོད》དང་། 《འཕེལ་རྒྱས་འཆར་འགོད་ཚད་འཇལ(2021ལོ་ནས2035ལོ་བར)ལག་བསྟར་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》། 《ཞིང་ཆེན་ཡོངས་ཀྱི་ཆོག་མཆེན་ཐོབ་ཀྱང་མཁོ་སྤྲོད་མ་བྱས་པ་དང་ས་རྒོད་དུ་ལུས་པ་བེད་སྤྱོད་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཇུས་གཞི》། 《མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་སྔོན་འགོག་འགུལ་སྐྱོད་འཆར་གཞི(2021ལོ་ནས2025ལོ་བར)》 །《མཚོ་སྔོན་ཞིང་ཆེན་གྱི“ཚན་རྩལ་སྲིད་ཇུས་དངོས་འབེབས་ལོ”སྤེལ་བའི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ཤིང་རྩ་བའི་ཐོག་གྲོས་འཆམ་བྱུང་། 

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : གསང་བདག་རྒྱལ།