ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་གཙོ་ཆེའི་དཔེ་དེབ་པར་སྐྲུན་ལས་གཞི《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།

《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》ཞེས་པར་ཁྱོན་བསྡོམས་པོད་ཉེར་གཉིས་ཡོད་ཅིང་རྣམ་ཐར་དང་གསུང་འབུམ་ལས་གྲུབ་པའི་དཔེ་ཚོགས་ཤིག་རེད། རྣམ་ཐར་གྱི་སྐོར་ལ་དྲན་པ་ནམ་མཁའི་རྣམ་ཐར་དང་། ཚེ་དབང་རིག་འཛིན་གྱི་རྣམ་ཐར། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར། སངས་རྒྱས་གླིང་བའི་རྣམ་ཐར། རིག་འཛིན་ཀུན་གྲོལ་གྲགས་པའི་རྣམ་ཐར། མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་སོགས་པོད་བཅུ་གསུམ་བསྡུས་ཡོད་ལ། གསུང་འབུམ་གྱི་སྐོར་ལ། མཁན་ཆེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ་དང་།  མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། སྦ་སེར་པཎྡི་ཏ་ཀུན་བཟང་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་བཅས་པོད་དགུ་བསྡུས་ཡོད།

བླ་ཆེན་དྲན་པ་ནམ་མཁའ་ནི་བོན་གྱི་ལོ་རྒྱུས་སྟེང་གི་མི་སྣ་གལ་ཆེན་ཞིག་ཡིན་ཏེ། བོན་གྱི་བསྟན་པ་འཕེལ་རྒྱས་ཀྱི་ཐད་ཕྱག་རྗེས་ཆེན་པོ་བཞག་ཡོད། ལོ་རྒྱུས་སྟེང་དུ་གྱེར་སྤུངས་དྲན་པ་ནམ་མཁའ་དང་བླ་མ་ཚེ་དབང་རིག་འཛིན། པདྨ་མཐོང་གྲོལ་ཏེ་གུ་རུ་པདྨ་འབྱུང་གནས་གསུམ་ལ་བོན་ཕྱོགས་ནས་དྲན་པ་ཡབ་སྲས་གསུམ་ཞེས་བཞེད་ཅིང་། དྲན་པ་ཡབ་སྲས་གསུམ་གྱི་རྣམ་ཐར་གྱིས་བོན་གྱི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་འདུག་པས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེ་ཚོགས་འདིར་གཏེར་ཆེན་གསང་སྔགས་གླིང་བའི་དགོངས་གཏེར་དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་དང་། ཚེ་དབང་རིག་འཛིན་ཆེན་མོའི་རྣམ་ཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ་ཞེས་པ།  བསྟན་གཉིས་སངས་རྒྱས་གླིང་བས་གཏེར་ནས་བཏོན་པའི་གུ་རུ་པདྨ་འབྱུང་གནས་ཀྱི་གསང་རྣམ་ཀུན་སྣང་གསལ་བའི་སྒྲོན་མ་ཞེས་པ་བཅས་བསྡུས་ཡོད། དུས་རབས་བཅུ་བཞི་པར་ཆབ་མདོའི་ཁྱུང་པོ་རི་རྩེ་དྲུག་གི་ཉེ་འགྲམ་དུ་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ནི་གཡུང་དྲུང་བོན་ཕྱོགས་ཀྱི་སྙན་རྒྱུད་ཀྱི་གཞུང་མང་དུ་བྱུང་བའི་བླ་མ་ཞིག་ལགས་ཤིང་། པོད་བཅུ་གཉིས་ལྡན་པའི་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ་སྟེ་མདོ་དྲི་མེད་གཟི་བརྗིད་གཙོས་ཁོང་གི་སྙན་རྒྱུད་ཀྱི་བོན་གཞུང་བཅུ་ཕྲག་འགའ་བོན་གྱི་བཀའ་འགྱུར་ཁྲོད་དུ་བཞུགས། དཔེ་ཚོགས་འདིར་བསྡུས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་ནི་རང་རྣམ་ཞིག་སྟེ། དེར་ཁོང་གི་མཇལ་སྣང་སྣ་ཚོགས་དང་། སྙན་རྒྱུད་ཇི་ལྟར་བྱུང་ཚུལ་གྱི་བརྒྱུད་རིམ་བཅས་གསལ་བོར་བཀོད་ཡོད། རིག་འཛིན་ཀུན་གྲོལ་གྲགས་པ་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་པའི་བོན་གྱི་གཏེར་སྟོན་ཆེན་པོ་ཞིག་རེད་ལ། ཁོང་གིས་མཛད་པའི་ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་ཞེས་པ་ནི་ད་ལྟ་མཇལ་དུ་ཡོད་པའི་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཐོག་མ་དེ་ཡིན། ཁོང་གིས་སྔ་རྗེས་སུ་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་ཁྲོ་སྐྱབས་རྒྱལ་པོ་རྣམ་གཉིས་ཀྱི་བདག་རྐྱེན་ལ་བརྟེན་ནས་བོན་གྱི་བཀའ་འགྱུར་གྱི་ཤིང་པར་ཐོག་མར་གྲགས་པའི་ཆུ་ཆེན་ཟངས་པར་མ་དང་ཁྲོ་སྐྱབས་པར་མར་འབོད་པ་བརྐོས།  དཔེ་ཚོགས་འདིར་ཁོང་གི་ཕྱི་ནང་གསང་བའི་རྣམ་ཐར་ཆ་ཚང་བསྡུས་ཡོད།   སངས་རྒྱས་གླིང་བ་ནི་དུས་རབས་བཅོ་བརྒྱད་པར་བྱོན་པའི་བོན་གཏེར་གསར་ལུགས་ཀྱི་གཏེར་སྟོན་ཆེན་པོ་ཞིག་ཡིན་ཞིང་། ཁོང་དང་སྔ་འགྱུར་རྙིང་མ་བའི་གྲུབ་མཐའི་བར་འབྲེལ་བ་དམ་ཟབ་ཡོད་པས། བན་བོན་གཉིས་ཀའི་ཕྱོགས་སུ་གྲགས་པ་ཆེ་ཞིང་གྲུབ་མཐའ་རིས་མེད་དག་སྣང་ཡུག་གཅིག་ཏུ་མཛད་པས་ན་བསྟན་གཉིས་སངས་རྒྱས་གླིང་པ་ཞེས་གྲགས། དཔེ་ཚོགས་འདིར་ཁོང་གི་པོད་གསུམ་ཅན་གྱི་རྣམ་ཐར་དེ་དེབ་གཉིས་སུ་བསྡུས་ནས་བསྒྲིགས་ཡོད། མཁའ་འགྲོ་བདེ་ཆེན་དབང་མོ་ནི་དུས་རབས་བཅུ་དགུ་པའི་ནང་བྱོན་པའི་བུད་མེད་གཏེར་སྟོན་ཞིག་ཡིན་ལ། མོས་མི་ཚེ་གང་བོར་ཟབ་གཏེར་བཞེས་པའི་གསུང་འབུམ་ལ་པོད་གྲངས་བཅུ་ཕྲག་འགའ་འདུག་པར་གྲགས་ལ། དཔེ་ཚོགས་འདིར་ཁོང་གི་དགོངས་གཏེར་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་བསྡུས་ཡོད། 

གསུང་འབུམ་སྐོར་ལས《མཁན་ཆེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ》ལ་པོད་བདུན་ཡོད་དེ།   དེ་ཡང་མཁན་ཆེན་ཉི་མ་བསྟན་འཛིན་ནི་བོན་གྱི་བྲུ་ལུགས་ཀྱི་གྲྭ་ས་ཆེན་མོ་དཔལ་བཀྲ་ཤིས་སྨན་རིའི་མཁན་རབས་ཉེར་གསུམ་པ་ལགས་ཤིང་། ཁོང་ནི་གནས་ལྔ་རིག་པའི་གཞུང་ལུགས་མཐའ་དག་དང་དབུ་ཚད་ཕར་ཕྱིན་འདུལ་བ་བཅས་མདོ་སྔགས་ཀྱི་གཞུང་ལུགས་དང་ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་མཛད་པའི《བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད》ཅེས་པ་ནི་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ལ་དབྱེ་བ་ཞིབ་ཏུ་ཕྱེས་ཏེ་བསྒྲིགས་པའི་དཀར་ཆག་ཚད་ལྡན་ཞིག་ཡིན་པས་བོན་སྤྱི་ནས་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་ཐོབ་བཞིན་ཡོད། མཁར་ནག་བླ་རབས་ནི་མདོ་སྨད་ཕྱོགས་འདིར་མཚན་སྙན་ཆེ་བའི་གྲུབ་པ་ཐོབ་པའི་བླ་རབས་ཤིག་ཡིན་ལ།  《མདོ་སྨད་ཆོས་འབྱུང》ལས་ཀྱང་། སྔར་མགོ་ལོག་ར་རྒྱ་དགོན་བཞེངས་ནས་ལོ་ཤས་ནས་ས་གནོད་ཆེན་མོ་ཞིག་བྱུང་བས། ཨ་རིག་དགེ་བཤེས་ཆེན་མོས་ཁྲི་ཀའི་སྟོང་ཆེ་མཁར་ནག་བོན་པོ་སྟེ་མཁར་ནག་བླ་རབས་གཉིས་པ་གྲུབ་དབང་ནམ་མཁའ་ཤེས་རབ་གདན་དྲངས་ནས་ས་འདུལ་གནང་བ་སོགས་བཀོད་ཡོད། དཔེ་ཚོགས་འདིར་མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀོད་ཡོད། སྦ་སེར་ཀུན་བཟང་རྒྱལ་མཚན་ནི་དུས་རབས་བཅུ་དགུ་པར་མདོ་སྨད་ཁྲི་ཀའི་སྟོང་ཆེ་ཡུལ་དུ་བྱོན་པའི་སྐད་གྲགས་ཆེ་བའི་བོན་གྱི་མཁས་དབང་ཞིག་ཡིན་ཞིང་། ཁོང་གིས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་མང་པོར་མཇལ་སྐོར་བྱས་ཤིང་བླ་མ་དམ་པ་བཅུ་ཕྲག་ལྷག་གི་ཞབས་པད་བསྟེན་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་ལུང་མང་པོ་གསན་བསམ་མཛད། ཁོང་གིས་མཛད་པའི་རང་རྣམ་འཕྲོ་ཅན་ནི་མདོ་སྨད་བོན་གྱི་ལོ་རྒྱུས་ཀྱི་མ་ཕྱི་ལྟ་བུར་ཆགས་འདུག་ལ། 《གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ》ཞེས་པ་ལ་ཕྱི་རབས་བརྡ་སྤྲོད་མཁས་པ་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་བ་དང་།  ཁོང་གི་ཐུགས་བཀོད་ལྟར་བཞེངས་པའི་རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་བཀོད་ཆེན་མོ་ནི་ད་ལྟ་མཇལ་དུ་ཡོད་པའི་གནས་མཆོག་འོལ་མོ་ལུང་རིང་གི་ཐང་ག་ཁག་ལས་ཆེས་ཞིབ་རྒྱས་ཅན་དེ་ཡིན། ད་ལན་དཔེ་ཚོགས་འདིར་ཁོང་གི་གསུང་རྩོམ་ལག་སོན་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀོད་ཡོད་དོ། །

《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》ནི་ལོ་རྒྱུས་རྒྱུ་ཆ་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་ཡིག་ཆའི་སྐོར་ཡིན་ལ།  འདིའི་མ་ཕྱི་མང་ཤོས་ནི་དུས་ཡུན་རིང་པོ་འགོར་བའི་ལག་བྲིས་མ་ཡིན་པས་ཡིག་འབྲུ་མི་གསལ་བ་དང་ཤོག་ལྷེ་ཆད་པ་སོགས་ཀྱི་སྣང་ཚུལ་མང་བར་བརྟེན། པར་སྐྲུན་དག་སྒྲིག་གི་ཁྲོད་དུ་དཀའ་ལས་མི་ཉུང་བ་ཞིག་ལ་ཕྲད། ཆད་པ་ཁ་སྐོང་བའི་ཆེད་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རང་ནུས་ཅི་ལྕོགས་སྒོས་དཔེ་རྒྱུན་མི་འདྲ་བ་གང་ཡོད་ཐབས་བརྒྱ་ཇུས་སྟོང་གིས་འཚོལ་བསྡུ་བྱས་ཏེ་དཔེ་བསྡུར་བྱས་པ་དང་། ད་དུང་བོན་ཕྱོགས་ཀྱི་མཁས་པ་དག་ལ་བཀའ་འདྲི་བགྱིས་ནས་བོན་གྱི་གནའ་དཔེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྩི་འཇོག་བྱས་ཏེ། མ་ཕྱི་ངོ་མའི་རྣམ་པ་སོར་འཇོག་ཅི་ཐུབ་བྱས་ཡོད་པ་རེད།

《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པའི་གལ་ཆེན་པར་སྐྲུན་ལས་གཞི་སྟེ།《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》དང《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》སོགས་བོན་གྱི་གནའ་དཔེ་ཁག་གི་རྗེས་སུ་པར་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པའི་གལ་ཆེན་ལས་གཞི་གཞན་ཞིག་ཡིན། དེ་ནི་ཉེ་བའི་ལོ་ཤས་རིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་གནའ་དཔེ་པར་སྐྲུན་ལས་གཞིའི་ཁྲོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཟོ་སྐྲུན་གྱི་དགོངས་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། མི་རིགས་རིག་གནས་རྒྱུན་འཛིན་དང་མི་རིགས་སྙིང་སྟོབས་དར་སྤེལ། དེ་བཞིན་བོད་ཡིག་དཔེ་རྙིང་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན་ཞིབ་འཇུག་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།