ཀྲུང་གོ་བོད་ཀྱི་དྲ་བ།

མགོ་ལོག་པདྨ་རྫོང་གིས་མཐོ་སྒང་གི་ཤ་མོ་བཏབ་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཐོ་སྒང་གི་དབྱར་ཟླ་འབྲིང་བར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ལྕགས་རི་ཐང་ཞང་གི་མཐོ་སྒང་ཁྱད་ལྡན་ཤ་མོ་འདེབས་འཛུགས་རྟེན་གཞིའི་དྲོད་ཁང་ཆེན་མོའི་ནང་། ཤ་མོ་གྲོད་པུའི་ས་བོན་རེ་རེས་འཚོ་བཅུད་སྡུད་ལེན་བྱེད་ཅི་ཐུབ་བྱེད་བཞིན་མྱུ་གུ་འབུས་རྩིས་ཡོད།

ཡུམ་བྷོ་དྲོད་ཁང་ཆེན་མོའི་ནང་ཙོག་སྟེ། ཕྱོགས་གཅིག་ནས་འཚོ་བཅུད་ཁུག་མ་འཇོག་ས་འགྲིག་ཡོད་མེད་ལ་བལྟ་ཞོར།ཕྱོགས་གཅིག་ནས་ལྕགས་ཁེམ་གྱིས་ས་བསློགས་ནས་འགྱིག་ཤོག་སྲབ་མོའི་མཐའ་གཉིས་མནན་ཏེ།ས་ཞིང་གི་མཐའ་འཁོར་གྱི་དྲོད་ཚད་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་ཀྱིན་འདུག འཚར་སྐྱེ་ཡི་ཆོས་ཉིད་ལྟར་ན། ཉིན་འགའ་ཡི་རྗེས་སུ། ཤ་མོའི་མྱུ་གུ་དཀར་པོར་རེ་རེ་བཞིན་མགོ་འབུས་ཏེ། ས་གཞི་ནག་པོའི་སྟེང་དུ“སྐར་ཚོགས”བཞིན་འོད་དུ་འཚེར་ངེས་རེད།

ཡུམ་བྷོ་ནི་ལྕགས་རི་ཐང་ཞང་འགུ་མདའ་སྡེ་བའི་སྡེ་དམངས་ཤིག་ཡིན་ལ།ཆུང་དུས་ནས་པདྨ་རྫོང་དུ་འཚར་ལོངས་བྱུང་བའི་ཁོ་རང་ལ་མཚོན་ན་ཤ་མོ་གྲོད་པུ་ནི་རྒྱུས་ཡོད་ཅིག་ཡིན་ལ་རྒྱུས་མེད་ཅིག་ཀྱང་ཡིན། རྒྱུས་ཡོད་ཡིན་པའི་རྒྱུ་མཚན་ནི་ལོ་རེའི་དབྱར་ཁར།རི་སྐྱེས་ཤ་མོ་གྲོད་པུ་མང་པོ་རྫོང་ཁོངས་ཀྱི་སྨར་ཁོག་ནགས་རའི་ག་ས་གང་དུ་མཐོང་ཐུབ་པས།སྡེ་མི་རྣམས་ཀྱིས་བཏོགས་ནས་སྒོར་མོ་འགའ་རེར་བརྗེ་བཞིན་པ་མཐོང་ཐུབ་པ་དང་།རྒྱུས་མེད་ཡིན་པའི་རྒྱུ་མཚན་ནི་རྒྱ་མ་གང་ལ་སྒོར་བརྒྱ་རེར་བརྗེ་ཐུབ་པའི་ཤ་མོ་གྲོད་པུའི་རིགས་འདི་ས་ཞིང་གི་ནང་དུ་བཏབ་ཆོག་པ་དེ་ཁོའི་ཡིད་ལའང་དྲན་མ་མྱོང་བ་དེ་རེད།སའི་ནང་ནས་ཀྱང“གསེར”སློག་ཐུབ་བམ།ཡུམ་བྷོ་ཡི་སེམས་སུ་དོགས་པ་ཡིས་ཁེངས་ཡོད།

པདྨ་རྫོང་གི་མཚོ་ངོས་ལས་མཐོ་ཚད་ལ་སྨི3500ཡན་ཡོད་པ་དང་།ལོ་རེར་ཆར་བ་འབབ་པའི་ཉིན་གྲངས170ལས་བརྒལ་བས།གནམ་གཤིས་འཁྱགས་ཤིང་ནངས་དགོང་གི་དྲོད་གྲང་ཁྱད་ཆེ་བ་དང་།ས་ཞིང་གི་ནང་དུ་ཚད་ཉུང་གཞི་རྒྱུའི་འདུས་ཚད་མཐོ་བས།དེ་ནི་ཤ་མོ་གྲོད་པུའི་རང་བྱུང་གི་གསོ་སྤེལ་ར་བ་ཞིག་རེད།

“མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཧྲང་ཧེ་ཡི་ལས་བྱེད་པས་ས་གནས་དེར་རིན་གོང་མཐོ་བའི་དཔལ་འབྱོར་ལོ་ཏོག་ཅིག་ནང་འདྲེན་བྱེད་འདོད་པ་ལ། བརྟག་ཞིབ་བྱས་པ་བརྒྱུད།ཁོ་ཚོའི་སེམས་སུ་གྲང་འཁྱགས་ལ་མི་སྐྲག་པའི་ཤ་མོ་གྲོད་པུ་དྲན་བྱུང་”ཞེས་ཧྲང་ཧེ་གྲོང་ཁྱེར་ཞིང་ལས་ཚན་རིག་གླིང་བཟའ་བྱའི་ཤ་མོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཁྲེན་ཧུའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།ཧྲང་ཧེ་ཞིང་ལས་ཚན་རིག་གླིང་གི་ཆེད་མཁས་པ་སྔ་གཞུག་ཏུ་པདྨ་རྫོང་དུ་ཐེངས་མང་ཡོང་ནས། ཤ་མོ་གྲོད་པུ་གཞི་ཁྱོན་ཅན་གྱི་ས་ནས་མིའི་ཐབས་ཀྱིས་འདེབས་འཛུགས་བྱེད་ཆོག་མིན་ལ་ཞིབ་འཇུག་བྱས་པར། 2020ལོའི་ཟླ6པར་ཆེས་ཐོག་མའི་ཤ་མོ་གྲོད་པུ་དེ་བདེ་བླག་ངང་སྒོར་ཐོན་པ་རེད།

སྔོ་ཚོད་དྲོད་ཁང་དེ་འཁྱགས་ཁང་དུ་བསྒྱུར་བ་དང་ཉི་འོད་འགོག་པའི་དྲ་བ་ཉིས་བརྩེགས་བརྒྱབ་སྟེ་སྨུག་ཕྱིའི་འོད་ཐིག་ཇེ་ཉུང་དུ་གཏོང་བ།འགྱིག་ཤོག་ཉིས་བརྩེགས་ཀྱིས་དྲོད་ཚད་ཇེ་དམའ་རུ་གཏོང་བ་སོགས་ལོ་ངོ་གཉིས་རིང་ལ་ཚོད་ལྟ་བྱས་པ་བརྒྱུད།དྲོད་ཁང་ནང་ནས་ཤ་མོ་གྲོད་པུ་ཐོན་ཚད20%ནས30%ལ་སླེབས་པ་དང་།མུའུ་རེའི་ཐོན་ཚད་ཕལ་ཆེར་རྒྱ་མ400ཡིན།“ཤ་མོ་གྲོད་པུ་གསར་པའི་རིན་གོང་རྒྱ་མ་གང་ལ་སྒོར150ཡས་མས་བརྟན་འཇགས་སུ་གནས་པ་དང་།སྐམ་པོ་རྒྱ་མ་གང་ལ་སྒོར600ལ་བུད་པས།མིག་སྔར་རིན་གོང་ཆེས་མཐོ་བའི་མིས་བཏབ་བཟའ་བྱའི་ཤ་མོ་རུ་གྱུར།”ཁྲེན་ཧུའེ་ཡིས་བཤད་རྒྱུར།ས་གནས་གཞན་པ་རུ་ལོ་རེའི་ཟླ2པ་ནས3པར་ཤ་མོ་གྲོད་པུ་སྨིན་པ་དང་བསྡུར་ན། ཟླ7པའི“དུས་ལྡོག”ཤ་མོ་གྲོད་པུ་ཡིས་ཏག་ཏག་ཚོང་རའི་སྟོང་ཆ་བསྐངས་ཡོད་པས་རིན་གོང་ཧ་ཅང་མཐོ།

ཤ་མོ་གྲོད་པུ་ཚོད་ལྟ་འདེབས་འཛུགས་ལེགས་འགྲུབ་བྱུང་རྗེས།མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ཧྲང་ཧེ་བཀོད་འདོམས་པུའུ་ཡིས་སྒོར་ཁྲི1200བཏང་ནས། ཤ་མོ་གྲོད་པུ་འདེབས་པའི་གཞི་རྒྱ་ཇེ་ཆེར་བཏང་བ་དང་།‘ཁྲག་བཟོ་རྣམ་པ’ཡི་རོགས་སྐྱོར་བྱས་ཏེ།གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས།“ས་ཞིང་འཁོར་རྒྱུག་བྱེད་པའི་རྣམ་པར་བརྟེན་ནས་ས་ཞིང་མུའུ15ཐོབ་པ་དང་།ས་ཞིང་སྙོམས་པོའི་སྟེང་ཤ་མོ་འདེབས་པའི་དྲོད་ཁང་དང་སྒྲིག་བཀོད42ཞིག་གསོ་བྱས་ཏེ།ཤ་མོ་གྲོད་པུ་འདེབས་པ་དང་ལས་སྣོན་བྱེད་པའི་ཐད་བཀོལ་བཞིན་ཡོད”ཅེས་ཡུམ་བྷོ་ཡིས་གསར་འགོད་པར་དེ་ལྟར་བཤད།

“ལོ་གཅིག་གི་ཤ་མོ་གྲོད་པུ་བཏབ་པའི་ཡོང་སྒོ་སྒོར་ཁྲི50ཡས་མས་ཡིན་པ་དང་།ལོ་རེར་ས་ཞིང་གཏོགས་སའི་སྡེ་བའི་ཁྱིམ་ཚང26ལ་སྒོར་ཁྲི30ཡི་ཁེ་སྤོགས་བགོ་བ་ལས་གཞན།རྟེན་གཞི་དེས་ད་རུང་མཐའ་འཁོར་གྱི་སྡེ་བར་ལས་རྐང10ལྷག་འདོན་སྤྲོད་བྱས་ཏེ།ཤ་མོ་གྲོད་པུ་འདེབས་པའི་ལས་ཀར་འགན་འཁུར་དུ་བཅུག་ཡོད”ཅེས་འདེབས་འཛུགས་རྟེན་གཞིའི་འགན་འཁུར་པ་ལིའུ་ཧུའེ་ཡིས་དེ་ལྟར་བཤད་པ་དང་།“ལས་མི་བསྡུ་བའི་ཡི་གེ་སྦྱར་བའི་ཉིན་དང་པོར་ཡུམ་བྷོ་ཡིས་མིང་ཐོ་བཀོད་པ་རེད”ཟེར།

འབྲོག་པ་ནས་ཤ་མོ་གྲོད་པུ་འདེབས་མཁན་དུ་གྱུར་བས།ཡུམ་བྷོའི་ད་ལྟའི་ཉིན་རེའི་ཡོང་སྒོ་སྒོར200ཡིན་ལ།ལོ་རེར་ཕལ་ཆེར་ལོ་ཕྱེད་རིང་དེ་རུ་ལས་ཀར་ཞུགས་ཆོག དེའི་ཁར་རྟེན་གཞིའི་ནང་དུ་ལས་ཀར་ཞུགས་ཡོད་པའི་ཆུང་མ་དང་ཞི་ལུ་བསྣན་ན།ཤ་མོ་གྲོད་པུ་འདེབས་པ་ཁོ་ནར་བརྟེན་ནས། ཡུམ་བྷོ་ཚང་ལ་ལོ་རེའི་ཡོང་སྒོ་སྒོར་ཁྲི་བཞི་ལྔ་ཙམ་ཡོད།

ད་གཟའ་འཁོར་གསུམ་འགོར་ན།ཤ་མོ་གྲོད་པུ་རེ་རེར་མྱུ་གུ་འབུས་ཏེ།རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བསྐྱལ་ཆོག ཡུམ་བྷོས་ཤ་མོ་གྲོད་པུ་བཏབ་སྟེ“ས་ལས་གསེར”འབྱུང་བར་ཡིད་མི་ཆེས་པའི་དོགས་པ་དེ་ལའང་ཤ་མོ་གྲོད་པུ་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་རེ་རེ་འཕུར་འབབ་བྱེད་པའི་ཁྲོད་ནས་ལན་རྙེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།