ཀྲུང་གོ་བོད་ཀྱི་དྲ་བ།

འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག”གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་འབྲོག་ཁུལ་དུ་བསྒྲགས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་དར་དམར་པོ་རྒྱབ་ལྗོངས་སུ་བྱས་ཤིང་། སྔོ་ལྗང་ལྗང་གི་རྩྭ་ཐང་སློབ་ཁང་དུ་བརྟེན་པའི་སྒྲོག་འགྲེལ་རུ་ཁག་ཅིག་གིས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་བཞིན་འདུག ཟླ6པའི་ཚེས15ཉིན་གྱི་ནངས་མོར། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི“འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག”གི་རུ་མིས་ཕྱོགས་གཅིག་ནས་དྲིལ་སྒྲོག་ཡིག་ཆ་གྲ་སྒྲིག་བྱེད་པ་དང་། ཕྱོགས་གཅིག་ནས་འཕྲུལ་རྟར་ཆག་སྐྱོན་བྱུང་ཡོད་མེད་ལ་ཞིབ་བཤེར་བྱས་རྗེས་རྐང་ཚའི་རྩྭ་ཐང་གི་ཕྱོགས་སུ་ཆས།

“རོང་འབྲོག་ཁུལ་གྱི་སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་ལེགས་པོར་ཚོད་འཛིན་ཐེབས་པའི་གནད་དོན་ཐག་གཅོད་པར་ཤུགས་འདོན་པ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཡུལ་སྐོར། ཁམས་གསོ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ། ཆ་རྐྱེན་ལྡན་པའི་རྫོང་ཁོངས་སུ་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཧྲིལ་པོའི་སྦྲེལ་ཐག་འཕེལ་རྒྱས་གཏོང་བ་སོགས”མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྐང་ཚ་བོད་རིགས་ཞང་ཟོག་པ་སྡེ་བའི་དབྱར་ས་རུ། རྐང་ཚ་བོད་རིགས་ཞང་ཟོག་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མགོན་པོ་ཚེ་བརྟན་གྱིས་བོད་སྐད་ཀྱི་ལམ་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཙོ་བོ་ཚང་མར་སྒྲོག་འགྲེལ་བྱེད་བཞིན་འདུག

གནམ་སྔོན་པོ་དང་སྤྲིན་དཀར་པོའི་ཐུ་འོག་ཏུ། འབྲོག་པ་ཚོ་ལྷན་གཅིག་ཏུ་རུབ་ནས་ཙོག་པུར་བསྡད་དེ། སྤྲོ་སེམས་རབ་ཏུ་འཁོལ་བཞིན་ཆེས་བབ་ཆགས་པའི་སྐད་ཆའི་ལམ་ནས་རང་ཉིད་ཀྱི་བསམ་ཕྱོགས་དང་ལྟ་ཚུལ་བརྗོད་ཀྱིན་ཡོད་ལ། ཚང་མས་ཚ་ཚ་འུར་འུར་ངང་གླེང་མོལ་བྱེད་ཀྱིན་འདུག

ཟོག་པ་སྡེ་བའི་འབྲོག་པ་དཀོན་མཆོག་བཀྲ་ཤིས་ཀྱིས་སྒྲོག་འགྲེལ་ལ་ཉན་ཞོར་དུ། མཚམས་མཚམས་སུ་ཉེ་འགྲམ་གྱི་མི་དང་བགྲོ་གླེང་བྱེད་བཞིན་ཡོད། ཁོས“ད་ལྟ་འབྲོག་པ་ཚོ་སྨན་པར་སྟོན་དུ་སོང་ན་སྨན་བཅོས་ཉེན་སྲུང་ཡོད་པ་དང་། ནོར་ལུག་ཉོས་ན་ཉེན་འགོག་ཁ་གསབ་ཡོད། སྡེ་བའི་གཞུང་ལམ་ཡང་ཁོད་ཇེ་ཡངས་སུ་སོང་ཡོད་པར་མ་ཟད། ད་དུང་ཐང་ཆེན་དང་ལམ་སྒྲོན་ཡང་ཡོད། ཚང་མ་བདེ་འཇགས་ཡིན་ལ་གྲ་དག་པའི་ཁང་པའི་ནང་སྡོད་ཐུབ་པ་བྱུང་བས། སྔོན་ཆད་སེམས་ལའང་དྲན་མ་མྱོང་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་སོང་། འདི་དག་ཡོད་ཚད་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པས། རྗེས་ཕྱོགས། ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་གསུང་ལ་མཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས། འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་དུ་གཏོང་ངེས་ཡིན”ཞེས་བཤད།

“ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ལ་མཉན་རྗེས། ང་ཚོར་སྙན་ཞུའི་ཁྲོད་བཏོན་པའི་དམངས་འཚོའི་བདེ་སྐྱིད་དང་སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་དང་འབྲེལ་བའི་སྐོར་གྱི་གནས་ཚུལ་ལ་སྔར་ལས་རྒྱུས་མངའ་ཡོད་པར་གྱུར། ཏང་གི་སྲིད་ཇུས་བཟང་པོས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད་ཇེ་ལེགས་སུ་བཏང་བས། ང་རང་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་ཟོག་པ་སྡེ་བའི་འབྲོག་པ་ཤ་བོ་ཚེ་རིང་གིས་སྒྲོག་འགྲེལ་ལ་མཉན་རྗེས་ཡིད་ལ་དགའ་སྤྲོས་ཁེངས་བཞིན་དེ་སྐད་བཤད།

“ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱིས་བཏོན་པའི་ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། གྲོང་གསེབ་དར་སྤེལ་གྱི‘འགུལ་སྐྱོད་ཆེན་མོ་བརྒྱད’ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་བརླིང་དང་སྤུས་ཚད་མཐོར་འདེགས་གཏོང་བ་དང་རོང་འབྲོག་པའི་ཡོང་སྒོ་བརྟན་བརླིང་ངང་འཕར་བ། རོང་འབྲོག་ཁུལ་བརྟན་བརླིང་ཞི་འཇགས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བ་སོགས། གནས་ཚུལ་བཟང་པོ་འདི་དག་ཐོས་རྗེས་ང་ཚོར་སྤྲོ་སྣང་ཆེན་པོ་སྐྱེས། རྗེས་མར། ང་ཚོ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་མཛུ་གུ་ལྔ་བཅངས་ཁུ་ཚུར་དང་། བསམ་པ་གཅིག་ཏུ་ཕྱོགས་ཤིང་ནུས་ཤུགས་གཅིག་ཏུ་བཏོན་ནས། མཉམ་དུ་ཟོག་པ་སྡེ་བ་འཛུགས་སྐྲུན་སྔར་ལས་ལེགས་པོ་བྱེད་རྒྱུ་ཡིན”ཞེས་ཟོག་པ་སྡེ་བའི་ཏང་ཡོན་གནམ་འཛིན་རྒྱལ་གྱིས་དེ་ལྟར་བཤད།

རྐང་ཚ་བོད་རིགས་ཞང་ནི་མཚོ་ཤར་གྲོང་ཁྱེར་གྱི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཞང་གཅིག་པུ་ཡིན་ལ། ས་རྒྱ་ཆེ་ཞིང་རི་བོ་མཐོ་ལ་ལུང་ཤུར་ཟབ། འབྲོག་ཁུལ་མང་ཚོགས་ཀྱི་སྡོད་གནས་ཐར་ཐོར་ཡིན་པའི་གནས་ཚུལ་དངོས་ལ་གཞིགས་ནས། རྐང་ཚ་བོད་རིགས་ཞང་གིས་ཐོན་ཁུངས་སྣ་ཚོགས་ཧྲག་སྡེབ་བྱས་པ་དང་། ཏང་ཡོན་སྐུལ་སློང་བྱས་ནས་འབྲོག་ཁུལ་དུ“འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག”ཅེས་པའི་འབྲོག་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་སྒྲོག་འགྲེལ་བྱེད་ཐབས་འདི་འདྲ་ཞིག་བཙུགས་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་འབྲོག་ཁུལ་རྩྭ་ཐང་དུ་བསྒྲགས་ཏེ། གཞི་རིམ་སྒྲོག་འགྲེལ་གྱི“མཇུག་མཐའི་སྤྱི་ལེ་གཅིག”དངོས་གནས་ཤར་གཏོང་བྱས།

འབྲོག་པ་མང་ཚོགས་སྔར་ལས་མང་པོར་ཏང་གི་བསམ་ཕྱོགས་གསར་པ་དང་སྲིད་ཇུས་གསར་པ་དངོས་གནས་རྒྱུས་ལོན་བྱེད་དུ་འཇུག་ཆེད། རྐང་ཚ་ཞང་ཏང་ཨུས“འཁོར་སྐྱོད་ཏང་གི་སློབ་གྲྭ”ལ་གཞི་བཅོལ་བ་དང་། “ཆེ་ཁག་ཁ་བཀྲམ་པ་དང་ཆུང་ཁག་གཅིག་ཏུ་བསྡུ་བ”སོགས་གང་ལ་གང་འཚམ་གྱི་བྱེད་ཐབས་སྣ་མང་སྤྱད་དེ། འབྲོག་པའི་སྦྲ་ཁྱིམ་གང་དུ་སྤར་ན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཡང་གནས་དེར་སྒྲོག་ཐུབ་པར་བྱས། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་སྣེ་ཁྲིད་འོག “འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག”སྒྲིག་འཛུགས་བྱས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པའི་རྨང་གཞིའི་སྟེང་། རི་ལུང་དང་རྩྭ་ཐང་བརྒལ་ཞིང་ཕྱུགས་ར་དང་སྦྲ་ཁྱིམ་དུ་འཛུལ་ཏེ། འཚོ་བ་དང་ཉེ་བར་བཅར་བའི་དཔེ་བརྗོད་དངོས་དང་གསོན་ཉམས་ལྡན་ཞིང་གོ་སླ་བའི་བྱེད་ཐབས་ཀྱིས། ཁ་ཐུག་ངོ་ཐུག་དང་བར་ཐག་མེད་པའི་སྒོ་ནས་འབྲོག་པ་མང་ཚོགས་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། དེ་དང་ཆབས་ཅིག་ཏུ། “འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག”གི་ཁོངས་མིར་ད་དུང་མང་ཚོགས་ཀྱི་གནས་ཚུལ་འགོད་པའི་ཉིན་ཐོ་འབྲི་དེབ་བཀོད་སྒྲིག་བྱས་ཡོད་ལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ཏུ་འཚོལ་སྡུད་བྱས་པ་བརྒྱུད་དེ། དམངས་ཀྱི་འདོད་བློར་ཉན་པ་དང་དམངས་ཀྱི་བསམ་ཚུལ་རྒྱུས་ལོན་བྱས་ལ། སྲིད་ཇུས་དང་བྱེད་ཕྱོགས“འོག་རིམ་ལ་སྒྲོག་པ”དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ“གོང་རིམ་ལ་ཞུ་བ”ཡི“སེམས་སྦྲེལ་ཟམ་པ”བཙུགས།

“འདས་པའི་ལོ་ངོ་ལྔའི་རིང་ལ། ང་ཚོ་ཟོག་པ་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་རིང་གི་འཆར་འགོད་རི་མོ་ལེགས་པོར་བྲིས་ཡོད་པ་དང་། དེའི་ཁྲོད་དུའང་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་སྐྱོད་པར་བློ་བརྟན་འགྱུར་མེད་ངང་སྐུལ་སྤེལ་གཏོང་དགོས་པའི་སྐོར་གྱི་འབྲེལ་ཡོད་བླང་བྱ་བཏོན་ཡོད་པས། འདིས་ང་ཚོའི་རིག་ལམ་སྔར་བས་ཇེ་གསལ་དང་དམིགས་འབེན་སྔར་བས་གསལ་པོ། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། ཆེས་གཞི་རིམ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ངས་བྱ་བའི་བསམ་ཕྱོགས་གསར་གཏོད་བྱེད་པ་དང་། དངོས་སྒྲུབ་ལ་བརྟེན་ནས་ཐར་ལམ་འཚོལ་བ་དང་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྙེག་མངོན་འགྱུར་བྱེད་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གྲོང་གསེབ་དར་སྤེལ་གྱི་བྱ་བའི་ཁྲོད་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་ཕན་འབྲས་དངོས་ཐོབ་པར་བྱེད་རྒྱུ་ཡིན”ཞེས་མགོན་པོ་ཚེ་བརྟན་གྱིས་བློ་ཐག་རྦད་ཆོད་ཀྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།