ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགྱུར་ཡིག་སྒྱུར་གྱིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཐོན་པའི་ནུས་པ་མདོ་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀུན་བཟང་།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡིག་སྒྱུར་ནི་རིག་གནས་སྤེལ་རེས་ཀྱི་ཟམ་པ་ལྟ་བུ་ཞིག་དང་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་སྒུལ་ཤུགས་ཡིན་པར་མ་ཟད། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན་པས། བོད་ཀྱི་སྔོན་བྱོན་ལོ་པཎ་རྣམས་ཀྱིས་ང་ཚོར་རིན་ཐང་བྲལ་བའི་འགྱུར་ཡིག་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་བཞག་ཡོད། དེ་ཡང་གསར་འགྱུར་ལས་དོན་ཉིན་རེ་ལས་མ་འདས་པར་ཕྱོགས་ཡོངས་ལ་སྒོ་འབྱེད་པའི་དེང་གི་སྐབས་སུ་གསར་འགྱུར་ཡིག་སྒྱུར་གྱིས་ཡིག་སྒྱུར་བྱ་གཞག་ཁྲོད་མེད་དུ་མི་རུང་བའི་ནུས་པ་ཐོན་ཡོད།

ཐོག་མར་གསར་འགྱུར་གྱི་བྱུང་འཕེལ་སྐོར་མདོ་ཙམ་བརྗོད་ན། མ་གཞི་གསར་འགྱུར་ཞེས་པའི་ཐ་སྙད་དེ་བྱུང་ནས་དུས་ཡུན་རིང་པོ་སོང་མེད་ཀྱང་། གསར་འགྱུར་གྱི་ལས་དོན་ནམ་རྣམ་པ་དེ་ཉེ་རབས་གཞི་ནས་བྱུང་བ་ཞིག་རྩ་བ་ནས་མིན། 《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ》ཞེས་པའི་ནང་དུ་གསལ་བ་ལྟར་ན། སྒྲ་ཡངས་འཇུག་གི་གསར་འགྱུར་དང་སྒྲ་དོག་འཇུག་གི་གསར་འགྱུར་གང་ཞིག་ཡིན་རུང་ང་ཚོས་གསལ་པོར་ཤེས་ཐུབ་པ་ནི་འགྲོ་བ་མིའི་རིགས་བྱུང་བ་དང་མཉམ་དུ་གསར་འགྱུར་བྱུང་ཡོད་པ་དེ་ཡིན། འོན་ཀྱང་ཚན་རིག་འཕེལ་རྒྱས་ཚད་མཐོན་པོར་སླེབས་པའི་དེང་གི་དུས་དང་བསྡུར་ན་སྐབས་དེ་དུས་ཀྱི་གསར་འགྱུར་ལ་དྲང་བདེན་རང་བཞིན་དང་མྱུར་བའི་རང་བཞིན་སོགས་ཀྱི་ཆ་རྐྱེན་འཛོམས་ཁག་པོ་ཡོད། བོད་ཀྱི་གསར་འགྱུར་འགྲེམ་སྤེལ་གྱི་བྱེད་སྒོ་ལ་ཡང་འཛམ་གླིང་གི་གསར་འགྱུར་ལོ་རྒྱུས་འཕེལ་འགྲོས་བཞིན་དུ་ངག་ཐོག་གི་གསར་འགྱུར་འགྲེམ་སྤེལ་དང་ཡིག་ཐོག་གི་གསར་འགྱུར་འགྲེམ་སྤེལ། གློག་ཐོག་གི་གསར་འགྱུར་འགྲེམ་སྤེལ་བཅས་ལོ་རྒྱུས་འཕེལ་རིམ་ལྡན་ཡོད། བོད་མི་དམངས་ནི་གནའ་སྔ་མོ་ནས་རིག་གནས་སྤེལ་རེས་ལ་ཤིན་ཏུ་མཁས་པའི་མི་རིགས་ཤིག་ཡིན་ཕྱིར། དུས་རྒྱུན་སྣང་འཇོག་བྱེད་པའི་གནད་དོན་ནི་རང་གི་ཉེ་འཁོར་གྱི་གནས་ཚུལ་ཙམ་མ་ཡིན་པར། བོད་མི་དམངས་སྤྱིའི་བདེ་སྡུག་དང་རྒྱལ་ཁབ་ཀྱི་སྲིད་ཇུས། དེ་བཞིན་འཛམ་གླིང་གི་ཞི་བདེ་སོགས་ཡིན། དེ་ལྟ་བུའི་ཁྱབ་རྒྱ་ཆེ་བའི་གསར་འགྱུར་མཁོ་འདོན་བྱེད་ཆེད། རྒྱ་བོད་ཡིག་སྒྱུར་གྱི་གསར་འགྱུར་ལས་དོན་སྤེལ་མགོ་ཚུགས་ཡོད། དེས་ང་ཚོར་སྔར་མཐོང་ཐོས་མྱོང་ཆོས་སུ་མ་གྲུབ་པའི་ཐ་སྙད་གསར་པ་འབོར་ཆེན་དང་རང་གི་བློ་ཡུལ་ལས་འདས་པའི་འཇིག་རྟེན་གསར་པ་ཞིག་མིག་མདུན་དུ་བཤམས་ཡོད། གསར་འགྱུར་ལས་དོན་དེ་བོད་ལ་གཉེར་མགོ་ཚུགས་པ་ནས་བཟུང་དཀའ་ངལ་མང་པོ་ཞིག་ཁྱད་དུ་བསད་མཐར། དེང་སྐབས་ནང་དོན་ཕུན་སུམ་ཚོགས་ལ། སྨྱན་སྦྱོར་ཡོ་བྱད་འཐུས་སྒོ་ཚང་བ། ཧ་ཅང་མགྱོགས་མྱུར་ངང་གསར་འགྱུར་ཁྱབ་སྤེལ་ཐུབ་པ། འཛམ་གླིང་གི་གསར་འགྱུར་འགོད་སྤེལ་བྱེད་པའི་གོམ་སྟབས་དང་བསྟུན་ཐུབ་པ་བྱུང་ཡོད། ལྷག་པར་དུ་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དེང་གི་དུས་འདིར། གསར་འགྱུར་ནི་མེད་དུ་མི་རུང་བའི་བཟའ་བཅའ་བཞིན་བོད་མིའི་འཚོ་བའི་ཁྲོད་ཡོངས་སུ་ཐིམ་ཡོད། གསར་འགྱུར་གྱིས་དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ནུས་པ་ཐོན་པ་དེ་ཡང་སྔ་ཕྱི་བར་གསུམ་དུ་གསར་འགྱུར་ཡིག་སྒྱུར་གྱི་ལས་དོན་དང་ཁ་འབྲལ་ཐབས་རྩ་བ་ནས་མེད། འོ་ན་གསར་འགྱུར་ཡིག་སྒྱུར་ལ་དེ་ལྟ་བུའི་གལ་ཆེན་གྱི་ནུས་པ་ལྡན་ཡོད་ཟེར་དོན་ནི་གཤམ་གྱི་གནད་དོན་ཁག་ལས་ཤེས་ཐུབ།

གཅིག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱ་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད།

ཀུན་གྱིས་མཁྱེན་གསལ་ལྟར་རྒྱལ་སྤྱི་རྒྱལ་ནང་དང་མི་རིགས་ས་ཁུལ་གང་ཞིག་ཏུ་གསར་འགྱུར་ལས་དོན་སྤེལ་ཡང་དམིགས་ཡུལ་ནི་རྒྱ་ཆེའི་མང་ཚོགས་ལ་ཉེ་ལམ་བྱུང་བའི་གནས་ཚུལ་གསར་པ་ཤེས་སུ་འཇུག་རྒྱུ་ཙམ་མ་ཡིན་པར། མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་དུ་གྱུར་པའི་བྱ་དངོས་དང་ངེས་པར་ཤེས་དགོས་པའི་གནས་ཚུལ། ལྷག་དོན་དུ་སྤྱི་ཚོགས་བརྟན་བརླིང་དང་མེས་རྒྱལ་གོང་བུ་གཅིག་འགྱུར་ཡོང་རྒྱུར་ནུས་པ་ཐོན་པའི་གནས་ཚུལ་གསར་པ་རྣམས་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན། བོད་ཀྱི་གསར་འགྱུར་ཡིག་སྒྱུར་ལས་དོན་ཐད་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བཞིན་པ་དང་ཆབས་ཅིག་དེས་མེས་རྒྱལ་གོང་བུ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འགྲུབ་རྒྱུར་ནུས་པ་ཆེན་པོ་ཐོན་དང་འདོན་མུས་སུ་ཡོད།

གཉིས། མང་ཚོགས་ཀྱི་དགོས་མཁོ་སྐོང་བཞིན་བློ་སྒོ་འབྱེད་པར་གལ་ཆེའི་ནུས་པ་ཐོན་ཡོད།

སྐད་ཡིག་ནི་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གལ་ཆེའི་ལག་ཆ་ཞིག་ཡིན་ལ། བོད་མིས་ཀྱང་མི་ཕན་ཚུན་འབྲེལ་འདྲིས་བྱེད་རྒྱུར་སྟབས་བདེའི་རང་བཞིན་ལྡན་པའི་སྨྱན་སྦྱོར་གསར་པ་གང་རུང་སྤྱད་དེ་རྒྱལ་ཁབ་ཕྱི་ནང་གི་ཁྲིམས་སྲོལ་དང་སྲིད་ཇུས་ལ་རྒྱུས་མངའ་བྱེད་ཐུབ་ཅིང་ཉེ་ཆར་འཛམ་གླིང་གི་ས་ཕྱོགས་གང་སར་བྱུང་བའི་གནས་ཚུལ་གསར་པ་དང་བྱ་དངོས་གསར་པ། གྲུབ་འབྲས་གསར་པ་སོགས་ཧ་ཅང་མགྱོགས་ཤིང་མྱུར་པོས་ཤེས་ཐུབ་ཀྱི་ཡོད་པས། བོད་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་དུས་ཐོག་ཏུ་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུས་ལོན་དང་མི་རིགས་གཞན་དང་འབྲེལ་འདྲིས་བྱེད་པར་འབྲེལ་ཟམ་ལྟ་བུའི་ནུས་པ་ཐོན་བཞིན་ཡོད། དེ་བཞིན་བོད་འགྱུར་བྱས་པའི་གསར་འགྱུར་གྱི་ནང་དོན་ནི་དུས་རྒྱུན་བོད་མི་ཚོས་དོ་ཁུར་བྱ་ཡུལ་དུ་གྱུར་པའི་འཛམ་གླིང་གི་ཞི་བདེ་དང་དམག་འཁྲུག མུ་གེ། རྒྱལ་ཁབ་ཀྱི་སྲིད་ཇུས། ཏང་གི་ལངས་ཕྱོགས། མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས། ཡུལ་སྐོར་མཛེས་ལྗོངས་སོགས་ཡིན་ཞིང་། བོད་འགྱུར་གསར་འགྱུར་གང་ཞིག་ཡིན་རུང་། ཚང་མ་ཡིག་ཐོག་ནས་ཁུངས་སྐྱེལ་ཐུབ་པའི་ཁ་སྐད་དམ་ཡང་ན་ཁ་སྐད་དང་ཐག་ཉེ་ཤོས་སུ་བསྒྱུར་ཡོད་ལ། རྩོམ་རིག་ཡིག་སྒྱུར་དང་ཚན་རིག་ཡིག་སྒྱུར་སོགས་དང་མི་འདྲ་བར། ཁ་ཕྱོགས་ས་གཙོ་བོ་ནི་རིག་གནས་ཆུ་ཚད་དམའ་བའི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཡིན་པས། བོད་མི་ཀུན་གྱི་དགོས་མཁོ་ཁྱོན་ཡོངས་ནས་སྐོང་བཞིན་ཡོད།

གསུམ། རིག་གནས་སྤེལ་རེས་དང་བོད་ཀྱི་གསར་འགྱུར་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད།

མི་རིགས་ལྔ་བཅུ་ང་དྲུག་ལས་གྲུབ་པའི་རང་རྒྱལ་གྱི་རིག་གནས་ཧ་ཅང་གཏིང་ཟབ་ཅིང་། མི་རིགས་ཕན་ཚུན་དབར་རིག་གནས་སྤེལ་རེས་བྱེད་པའི་རྣམ་པ་རིམ་བཞིན་ཇེ་མང་དུ་འགྲོ་བ་དང་དུས་མཚུངས། མི་རིགས་ཕན་ཚུན་གྱི་འབྲེལ་བ་ཡང་དམ་ཟབ་ཏུ་འགྲོ་བཞིན་ཡོད། བོད་མི་རིགས་ཀྱང་དེ་ལས་མ་འདས་པར་ཕྱི་ཕྱོགས་སུ་འབྲེལ་ལམ་ཡངས་པོར་ཕྱེ་སྟེ། སྔ་ཕྱི་བར་གསུམ་དུ་མི་རིགས་གཞན་གྱི་ཚན་རིག་ལག་རྩལ་དང་ཡུལ་སྲོལ་གོམས་གཤིས། ཕུལ་བྱུང་རིག་གནས་སོགས་ཡིག་སྒྱུར་བྱས་ནས་དུས་ཐོག་ཏུ་བོད་རིགས་ས་ཁུལ་དུ་ཁྱབ་སྤེལ་བྱས་པས་རིག་གནས་ནང་འདྲེན་གྱི་ཐད་ལ་བླ་ན་མེད་པའི་ལེགས་སྐྱེས་ཕུལ་བ་དང་སྦྲགས། རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐད་ལ་བྱང་ཆ་ལྡན་པའི་གསར་འགྱུར་ལས་དོན་པ་གང་མང་གསོ་སྐྱོང་བྱས་ནས་ཐོག་མའི་རྒྱ་བོད་ཡིག་སྒྱུར་རྐྱང་པ་ནས་རིམ་བཞིན་རང་རྐྱ་ཐུབ་པའི་བོད་སྐད་ཡིག་གི་གསར་འགྱུར་ཁྱབ་སྤེལ་བྱེད་ཐུབ་པར་མ་ཟད། མཐའ་མ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་གསར་འགྱུར་ལས་དོན་སྤེལ་བས། གཅིག་ནས་བོད་མི་དམངས་ཀྱི་ཆ་འཕྲིན་གྱི་དགོས་མཁོ་སྐོང་ཐུབ་པ་དང་། གཉིས་ནས་བོད་ལ་གཞིས་ཆགས་པའི་རྒྱ་རིགས་བློ་མཐུན། དེ་མིན་བོད་ཀྱི་ཡུལ་སྲོལ་གོམས་ལུགས་དང་ཡུལ་སྐོར་མཛེས་ལྗོངས་ལ་ཤེས་འདོད་བྱེད་མཁན་གྱི་སྐྱེ་བོ་ཀུན་ལ་ཧ་ཅང་སྟབས་བདེ་བསྐྲུན་ཡོད་པས། མི་རིགས་ཁག་གི་རིག་གནས་སྤེལ་རྒྱུར་གསེར་ཟམ་ལྟ་བུའི་ནུས་པ་ཐོན་ཡོད།

བོད་ཀྱི་གསར་འགྱུར་བྱ་གཞག་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་བྱུང་བ་དེ་ཡང་གསར་འགྱུར་ལས་དོན་པའི་ལོ་མང་གི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། དང་ཐོག་མི་རིགས་གཞན་ལ་དཔེ་བལྟས་ནས་གཙོ་བོ་ཀྲུང་དབྱང་གི་དགོངས་དོན་ཡིག་སྒྱུར་བྱ་རྒྱུ་དང་། དེ་རྗེས་ལོ་མང་ལས་ཀའི་ཁྲོད་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གཞན་ལ་ལད་མོ་བྱེད་མི་དགོས་པའི་རང་གཉེར་གྱི་གསར་འགྱུར་བྱུང་ཡོད། དེང་སྐབས་བོད་ལྗོངས་སུ་ལས་རིགས་དེ་གཉེར་མཁན་གྱི་སྡེ་ཁག་ཀྱང་སྔོན་མ་ལས་ལྡབ་གྲངས་ཀྱིས་འཕར་བ་དང་ཆབས་ཅིག རང་ཉིད་ཀྱི་འཚོལ་སྒྲིག་ནུས་ཤུགས་ཡར་རྒྱས་ཕྱིན་ཏེ་རང་ཉིད་ཁོ་ནས་གསར་འགྱུར་ཁྱབ་སྤེལ་ཐུབ་པ་བྱུང་ཡོད་པས། བོད་འབྲེལ་ས་ཁུལ་དུ་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་གོང་འཕེལ་ཡོང་མིན་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་བྱ་གཞག་རླབས་པོ་ཆེ་འདིའི་མ་འོངས་པའི་མདུན་ལམ་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་པ་དཔག་ཐུབ།

མཇུག་སྡོམ།

གསར་འགྱུར་ཡིག་སྒྱུར་གྱིས་དུས་ཡུན་རིང་པོའི་འཚོ་བའི་ནང་བོད་མི་དམངས་ལ་བསམ་བློ་གསར་པ་དང་འཚོ་བ་གསར་པ་མཁོ་འདོན་བྱས་ཡོད་ལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་ཁ་ཚ་དགོས་གཏུགས་ཀྱི་བྱ་གཞག་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་ལྗོངས་དེ་ཉིད་སྒོ་ཀུན་ནས་གོང་འཕེལ་ཡོང་ཆེད། བོད་ཀྱི་གསར་འགྱུར་བྱ་གཞག་སྔར་བས་སྲ་བརྟན་དུ་གཏོང་ཞིང་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་མིང་ཚིག་གསར་པ་དང་དེ་མིན་ཕྲད་དང་འཕྲད་བཞིན་པའི་དཀའ་ངལ་དག་ནི་མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་བཀག་རྡོ་རུ་མི་འགྱུར་བ་བྱ་རྒྱུ་གལ་ཆེ་ལ་མུ་མཐུད་ནས་བོད་ཀྱི་གསར་འགྱུར་ཡིག་སྒྱུར་ཐད་ལ་ཞིབ་འཇུག་བྱ་རྒྱུ་ཡང་ཧ་ཅང་གལ་ཆེའོ། །

དཔྱད་གཞིའི་ཡིག་ཆ།

༡. ཤར་བ་ཐོགས་མེད། 《གསར་འགྱུར་རིག་པའི་སྤྱི་དོན་བློ་གསལ་འཇུག་སྒོ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2004ལོའི་པར་གཞི་གཉིས་པ།

༢. རྡོ་དཀར་བཀྲ་ཤིས་ཚེ་རིང་། 《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2006ལོའི་པར་གཞི་དང་པོ།

༣. སྒོ་མེ་དོན་གྲུབ་ཚེ་རིང་། 《མེ་ལོང་ཀུན་གསལ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018ལོའི་པར་གཞི་དང་པོ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།