ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཡུལ་སྐོར་གྱི་དཀའ་སྡུག་ཇི་ལྟར་སེལ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུལ་སྐོར་ལས་གཉེར་པ་ནས“དྲ་ངོས་སྣེ་ཤན་པར”གྱུར་པ།

“མཚོ་སྔོན་གྱི་མཛེས་པ་དེ་ཡུལ་ལྗོངས་ཀྱི་སྟེང་ན་ཡོད་ལ། ནང་དོན་གྱི་སྟེང་ནའང་ཡོད། ང་ཡོད་ས་འདི་ནི་གཏེར་ལེན་ཁ་གྲོང་ཁྱེར་གསེར་མཚོ་ཡུལ་ལྗོངས་ཡིན། དེ་རིང་ཚང་མ་དང་མཉམ་དུ་ལྗོངས་ཁུལ་འདིའི་རང་བྱུང་སྐྱེ་ཁམས་ལ་ཟབ་ཞུགས་རང་བཞིན་གྱིས་རོལ་མྱོང་ཅིག་བྱེད།”

ལོ་རབས80པར་སྐྱེས་པའི་ཀྲེང་ཞིན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཡུལ་སྐོར་རླངས་འཁོར་བོགས་གཏོང་ཀུང་སི་ཞིག་གཉེར་བཞིན་ཡོད། 2022ལོ་ནས་བཟུང་། ཁོས་བརྙན་ཐུང་བསྐུར་བ་དང་ཐད་གཏོང་བྱེད་མགོ་བརྩམས་ཏེ་དྲ་གྲོགས་རྣམས་ལ་དྲ་ངོས་ནས་མཚོ་སྔོན་གྱི་ལྗོངས་ཁུལ་སྣ་ཚོགས་རོལ་མྱོང་བྱེད་དུ་བཅུག་པས་དྲ་གྲོགས་མི་ཉུང་བ་ཞིག་བཀུགས།

ལས་སྐྲུན་པ་ཞིག་ནས“དྲ་ངོས་སྣེ་ཤན་པར”གྱུར་བའི་སྐོར་གླེང་དུས། ཀྲེང་ཞིན་གྱིས་སྦ་གསང་མེད་པར་དྲང་མོར་བཤད་རྒྱུར། ད་ལོའི་ལོ་སྟོད་དུ། ཡུལ་སྐོར་རླངས་འཁོར་གླ་མཁན་སྔོན་ལོ་ལས་ཇེ་ཉུང་དུ་སོང་ཡོད་པས། ཁོ་ལ“དྲ་ངོས་ཡུལ་སྐོར”གྱི་ཐབས་ལམ་བརྒྱུད་ནས་མི་སྔར་བས་མང་པོར་མཚོ་སྔོན་གྱི་མཛེས་ལྗོངས་སྟོན་པ་དང་མཚོ་སྔོན་དུ་འགུག་པའི་རེ་བ་ཡོད། ཀྲེང་ཞིན་ལ་ཐད་གཏོང་བརྒྱུད་ནས་མངགས་ཉོ་འཕྲིན་བརྡ་ཧ་ལམ120འབྱོར་འདུག

“རིམས་ནད་ཀྱི་གནས་ཚུལ་འོག་གི་ཡུལ་སྐོར་ལས་རིགས་ལ་འགྲན་སློང་དང་གོ་སྐབས་མཉམ་དུ་གནས། རིག་གནས་དང་ཡུལ་སྐོར་ཚོང་ཁྲོམ་གྱི་སྣེ་ཤན་ཞབས་ཞུ་ལ་སྔར་བས་རྒྱུ་མང་ཅན་དང་ཞིབ་ཚགས་ཅན། གཏན་ཆགས་ཅན་མཁོ་བར་མ་ཟད། ཡུལ་སྐོར་ཐོན་རྫས་འགྲན་རྩོད་ཀྱི་ནུས་པ་དེ་བས་ཀྱང་མཁོ།”ཞེས་མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་ཡུལ་སྐོར་ཁང་གི་མགོ་གཙོ་དབྱང་ཁྲིན་ཚའེ་ཡིས་དེ་ལྟར་བཤད། ཡུལ་སྐོར་པའི་ཡུལ་སྐོར་བྱེད་སྟངས་འགྱུར་བར་དམིགས་ནས། ཡུལ་སྐོར་ཁང་གིས་སྣེ་ཤན་པ་གསོ་སྦྱོང་བྱེད་པའི་ཁྲོད་དུ། གཞི་གྲངས་ཆེན་མོར་དབྱེ་ཞིབ་བྱེད་པ་དང་སྨྱན་བྱད་གསར་པ་སོགས་ཀྱི་བསླབ་ཚན་རིམ་བཞིན་ནང་འདྲེན་བྱས་པར་མ་ཟད། སྐྱེ་ཁམས་ཡུལ་སྐོར་ཞིབ་འཇུག་རིག་པའི་བསླབ་ཚན་དང་ཡུལ་སྐོར་ཐོན་རྫས་གསར་པ་ཞིབ་འཇུག་དང་ཇུས་འགོད་བྱེད་བཞིན་ཡོད།

ཡུལ་སྐོར་ལས་གཉེར་པས་གནས་བབ་ངན་པའི་ཁྲོད་དུ་འགག་སྒྲོལ་བྱེད་ཐབས་འཚོལ་བའི་སྐབས་སུ། རང་ཞིང་གི་ས་གནས་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་དང་ལྗོངས་ཁུལ་གྱིས་དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ཟུང་འབྲེལ་བྱེད་པ་བརྒྱུད་ནས། ཡུལ་སྐོར་ལྟད་མོ་བྱེད་སྟངས་གསར་པ་བཏོན་པ་དང་། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར”གྱི་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་རྒྱ་བསྐྱེད་དེ་མཚོ་སྔོན་གྱི་རིག་གནས་དང་མཚོ་སྔོན་གྱི་མཛེས་ལྗོངས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་རུ་ངོམ།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ནམ་མཁའི་མེ་ལོང་ཚྭ་ཁ། རྨི་ལམ་ཞིང་བཀོད་ཀྱི་མཚོ་སྔོན་པོ་སོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་མཛེས་ཉམས་ལེགས་པོར་བདམས་ནས། པེ་ཅིན་དང་ཧྲང་ཧའེ། ཧང་ཀྲོའུ་སོགས་ཀྱི་གྲོང་ཁྱེར་དུ་རབ་མཛེས་མཚོ་སྔོན་གྱི“སྐྱེ་ཁམས་ཟབ་ཞུགས་འགྲེམ་སྟོན་ས་ཚིགས”བསྐྲུན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཛེས་སྡུག་གི་རི་ཆུ་དང་མི་རིགས་དམངས་སྲོལ་དག་ཐེན་ཅིན་གྲོང་ཁྱེར་གྱི་ས་འོག་མེ་འཁོར་ནང་དུ་བསྟན་པ་དང་། “རྨ་ལྷོ་རྟགས་ཅན”གྱི་ས་འོག་མེ་འཁོར་ནང་དུ་རྨ་ལྷོ་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པས། ས་འོག་མེ་འཁོར་དུ་སྡོད་པའི་འགྲུལ་པ་རྣམས་ཀྱིས“ས་འོག་མེ་འཁོར་ནས་རྨ་ལྷོར་ཉུལ་ཐུབ།”

ཟླ5པར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཚོ་སྔོན་འགུལ་སྐྱོད་བྱེད་བཞིན་ཡོད། ཟི་ལིང་གིས་ཁྱེད་ལ་འདི་ལྟར་བཤད།”དང“མཚོ་སྔོན་འགུལ་སྐྱོད་བྱེད་བཞིན་ཡོད། མཚོ་ལྷོས་ཁྱེད་ལ་འདི་ལྟར་བཤད།”ཅེས་པའི་དྲ་ཐོག་གི་བྱ་འགུལ་རབ་དང་རིམ་པ་འོས་སྦྱོར་བྱས་ཏེ། རྒྱལ་ཡོངས་ཀྱི་དྲ་གྲོགས་རྣམས་ལ་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ8པོའི་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་ལེགས་ཤོས་རྒྱུས་ལོན་བྱེད་དུ་བཅུག

ཟབ་ཞུགས་ཅན་གྱི་ཉམས་ལེན་གྱིས་གྲོང་གསེབ་ཡུལ་སྐོར་གྱི་མཛེས་པ་ངོམ།

གཟའ་མཇུག་ཏུ་ཐོན་ཐེངས་རེར་ཁྱིམ་མི་དང་གཉེན་ཉེ་གྲོགས་པོ་རྣམས་ཁྲིད་ནས་གྲོང་གསེབ་ཏུ་སོང་སྟེ་ཆུ་དྭངས་རི་སྔོ་ལ་རོལ་མྱོང་བྱེད་པ་དང་ཞིང་པའི་ཡུལ་ཟས་ཀྱི་བྲོ་བ་མྱོང་བ་ནི་ཡུལ་སྐོར་པའི་གུང་གསེང་རོལ་སྟངས་ཤིག་ཏུ་གྱུར་ཡོད། འཐུ་བཏོག་ཡུལ་སྐོར་དང་སྤྲོ་གསེང་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར་སོགས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱིས་ཡུལ་སྐོར་པ་ལ་ཡུལ་སྐོར་བྱ་ཡུལ་མང་པོ་འདོན་སྤྲོད་བྱས་ཡོད།

ཟླ4པའི་ཚུན་དུ། རང་ཞིང་གི་རིག་གནས་དང་ཡུལ་སྐོར་ཚོང་ཁྲོམ་གྱི་འཚོ་སྟོབས་ཉམས་ཞན་དུ་གྱུར་ལ། ཡུལ་སྐོར་པ་རྣམས་སྤྲོ་གསེང་དང་ལྟད་མོར་འགྲོ་བའི་གནས་ཚུལ་ཧ་ཅང་ཉུང་། རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་སྔོན་དཔག་བྱས་པ་ལྟར་ན། ད་ལོའི་དབྱར་ཁར་རང་ས་གནས་སུ་སྤྲོ་གསེང་བྱེད་པ་དང་མཐའ་འཁོར་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་ཡིན་ངེས་པས། རི་ལུང་གྲོག་རོང་དང་གྲོང་གསེབ་འགྲུལ་ཁང་། སྒེར་འཁོར། རང་གིས་ཟ་མ་ལས་པ། རྐང་ཐང་དུ་བསྐྱོད་པ་སོགས་ནི་ཡུལ་སྐོར་གྱི་ཁྱད་ཆོས་གསར་པར་འགྱུར་སྲིད་པས། རང་ཞིང་གི་ས་ཆ་སོ་སོའི་གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་ལས་གཉེར་པ་རྣམས་ཀྱིས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད།

“ཟླ5པའི་ཚེས25ཉིན། ལྗོངས་ཁུལ་གྱི་སྒྲིག་བཀོད་དག་ལ་ཞིབ་བཤེར་བྱས་པ་ཡིན།”“ཟླ6པའི་ཚེས10ཉིན། ལྗོངས་ཁུལ་གྱི་ལས་བཟོ་པ་རྣམས་ལ་ཞབས་ཞུ་རྒྱུ་སྤུས་མཐོ་རུ་འདེགས་པའི་གསོ་སྦྱོང་བྱས་པ་ཡིན།”“ཟླ6པའི་ཚེས12ཉིན། གྲོང་གསེབ་ཡུལ་སྐོར་ཞབས་ཞུའི་རྒྱུ་སྤུས་ཀྱི་གསོ་སྦྱོང་བྱས་པ་ཡིན།”ཞེས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཀྲོ་ཀྲ་ཐང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡན་ཀྲང་ཏུང་གི་ཁ་པར་ཟིན་ཐོའི་ནང་དུ། ཟླ5པ་ནས་བཟུང་བའི་ཀྲོ་ཀྲང་ཐང་གདོད་མའི་སྐྱེ་ཁམས་ལྗོངས་ཁུལ་གྱི་སྒོ་མ་ཕྱེ་སྔོན་གྱི་གྲ་སྒྲིག་བྱ་བ་ཟིན་ཐོར་བཀོད་ཡོད།

ཟླ6པའི་ཚེས18ཉིན། ཀྲོ་ཀྲ་ཐང་གདོད་མའི་སྐྱེ་ཁམས་ལྗོངས་ཁུལ་གྱི་རྩྭ་པད་མ་ར་བའི་སྒོ་ཕྱེ། ར་བ་འདི་སྒོ་ཕྱེ་བ་དེས་རིམས་ནད་ཀྱི་དབང་གིས་ཟླ་ངོ་གཉིས་ལ་མཚམས་བཞག་པའི་ཡུལ་སྐོར་ལས་རིགས་རིམ་བཞིན་སླར་གསོ་བྱས་པ་མཚོན་ཡོད། གྲོང་གསེབ་ཡུལ་སྐོར་གཉེར་མགོ་བརྩམས་པ་དང་ལྗོངས་ཁུལ“གསར་དུ་ངོམ་པ”དེས་ཡན་ཀྲང་ཏུང་དང་སྡེ་མི་རྣམས་ཀྱི་སེམས་སུ་རེ་བ་བསྩལ། “ཟི་ལིང་ནས་དུས་ཚོད2ཀྱི་ལམ་ཐག་ལས་མེད་པའི་ཡུལ་སྐོར་ཁྱབ་ཁོངས་ནང་ནས་ཡུལ་སྐོར་པ་འགུག་པ་དང་ཡུལ་སྐོར་པ་ཞག་འདུག་བྱེད་དུ་འཇུག་འདོད་ན་གཙོ་བོ་ཞབས་ཞུར་བརྟེན་དགོས། སྔོན་ཆད་སྡེ་མི་རྣམས་ལ་ཞབས་ཞུའི་འདུ་ཤེས་མེད་མོད། འོན་ཀྱང་ད་ལྟ་ཡུལ་སྐོར་པའི་ཡོང་ཁུངས་ལ་འགྱུར་ལྡོག་བྱུང་བས། གྲོང་གསེབ་ཡུལ་སྐོར་ལ་བླང་བྱ་སྔར་བས་མཐོན་པོ་བཏོན་ཡོད། ད་ལོའི་ཟླ4པ་ནས་བཟུང་། ཀྲོ་ཀྲ་ཐང་སྡེ་བས་ལྗོངས་ཁུལ་གྱི་ལས་གཉེར་པ་དང་ཞིང་པའི་སྤྲོ་སྐྱིད་ཁང་གི་འགྲུལ་ཁང་གི་ལས་གཉེར་པ་རྣམས་ལ་བསྟུད་མར་གསོ་སྦྱོང་སྤེལ་བ་ཡིན། གསར་སྐྲུན་ཚོང་གཉེར་གྱི་ལམ་ནས་ཡུལ་སྐོར་པ་རྣམས་ལ་གསར་པ་ཡིན་པའི་སྣང་བ་ཞིག་སྦྱིན་འདོད་པ་ཡིན”ཞེས་ཡན་ཀྲང་ཏུང་གིས་དེ་ལྟར་བཤད།

གསར་འགོད་པས་བཅར་འདྲི་བྱེད་པའི་ཁྲོད་དུ་རྒྱུས་ལོན་བྱུང་བ་ལྟར་ན། ཁྱད་ཆོས་འབུར་དུ་དོད་ཆེད། གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་གྱིས་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་བསྲིངས་པ་དང་མཉམ་དུ། ཉམས་ལེན་ལས་གཞིའི་སྟེང་བརྩོན་པ་སྐྱེད་བཞིན་འདུག རང་ཞིང་གི་ས་གནས་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་དང་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་བྱེད་སས་གྲོང་གསེབ་ཡུལ་སྐོར་དེ་སྲོལ་རྒྱུན་གྱི་ཟས་རིགས་དང་ཞག་སྡོད། རྩེད་འཇོ་བཅས་ནས་སྤྲོ་གསེང་དང་ཡུལ་སྐོར་ལྟད་མོ། ཁམས་གསོ། གསར་སྐྲུན་ཞིང་ལས། ཞིང་ལས་ཉམས་ལེན། གྲོང་གསེབ་ལག་ཤེས་ཐོན་རྫས་བཟོ་བའི་ཕྱོགས་སུ་འགྱུར་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།