ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ལས་གཞི་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ལས་གཞི་དེ་ཟླ6པའི་ཚེས21ཉིན་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་པ་དང་། ལས་གཞིའི་རྣམ་གྲངས་དེར་ཚོད་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར15.47གཏོང་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་ལོ1.5ནང་ལེགས་འགྲུབ་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ལས་གཞི་གཙོ་བོ་དེ་མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་གཞི་དུམ་བུ་དང་ལྕགས་ལམ་ཁག་ཅིག་ལ་བཅོས་སྒྲིག་བྱེད་པ། ཟམ་པ་ཁག་ཅིག་ལ་བསྒྱུར་བཀོད་བྱེད་པ་དང་། གཏེར་ལེན་ཁ་རླངས་འཁོར་འབབ་ཚུགས་རྒྱས་སྐྲུན་བྱེད་པ། ཧེ་ཡན་རླངས་འཁོར་འབབ་ཚུགས་གསར་སྐྲུན་བྱེད་པ། འབབ་ཚུགས་ཁག་ཅིག་ལ་འབབ་ཚུགས་ཀྱི་སྟེགས་བུ་ཇེ་མང་དུ་གཏོང་བ་དང་། གློག་མཁོ་འདོན་དང་འཕྲིན་གཏོང་། བརྡ་རྟགས་སོགས་ལྕགས་ལམ་གྱི་སྒྲིག་ཆས་བསྒྱུར་བཀོད་དང་འཛུགས་སྐྲུན་བྱ་རྒྱུ་རེད། 

མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ལས་གཞི་ལག་བསྟར་བྱས་པ་དེས། མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་འགྲུལ་སྐྱེལ་སྒྲིག་བཀོད་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དང་། ལྕགས་ལམ་སྐྱེལ་འདྲེན་གྱི་མཁོ་སྤྲོད་བྱེད་ཚད་ཆེ་རུ་གཏོང་རྒྱུ། མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།