ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་གསུམ་པའི་ལྟ་ཞིབ་བཅའ་སྡོད་བྱ་བ་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པ་དང་བདུན་པ། བརྒྱད་པ་བཅས་སོ་སོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བཅའ་སྡོད་བྱས་ནས་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ལྡན་ལྟ་ཞིབ་སྤེལ་བ་དང་། ཟླ6པའི་ཚེས24ཉིན་བར་དུ། ལྟ་ཞིབ་སྐོར་གསུམ་པས་བཅའ་སྡོད་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་། 

ལྟ་ཞིབ་ཚན་ཆུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་ཏན་བྱས་པ་དང་། དཔལ་འབྱོར་གྱི་ཆེ་ཕྱོགས་བརྟན་པ་དང་དམངས་འཚོ་འགན་སྲུང་། རིམས་ནད་འགོག་སྡོམ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་སྤྱི་འདོམས་ལེགས་པོ་བྱས་ཏེ། ཡུལ་དངོས་སུ་སྐྱོད་པ་རྒྱུན་འཁྱོངས་དང་། ཁྲིམས་འགལ་གྱིས་སྦགས་གཏོང་དང་སྐྱེ་ཁམས་གཏོར་བརླག་སོགས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་སྐོར་ཞིག་རྩད་ཆོད་ལ། ལས་ཀ་མི་སྒྲུབ་པ་དང་ལས་ཚད་དལ་བ། འགན་མི་ཁུར་བ་དང་དཀའ་གནས་ལ་མི་རེག་པ་སོགས་ཀྱི་ལས་ཤོར་འགན་ཤོར་གྱི་གནད་དོན་སྐོར་ཞིག་ལ་དཔྱད་ཞིབ་བྱས་ཤིང་། སྐྱེ་ཁམས་ཁོར་ཡག་སྲུང་སྐྱོང་ལ་བརྒྱ་ཁ་གཅིག་གཅོད་དང་འགན་འཁྲི་རྩད་གཅོད་རྒྱ་ཁྱབ་ཅན་སོགས་ཀྱི་སྣང་ཚུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། མང་ཚོགས་ཀྱིས་ཡར་ཞུ་འབུར་ཐོན་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་དེ"ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི"ནང་དོན་གལ་ཆེན་དུ་བཞག བཅའ་སྡོད་མཇུག་རྫོགས་པའི་བར་དུ། བསྡོམས་པའི་མང་ཚོགས་ཀྱིས་ཁ་པར་དང་འཕྲིག་ཡིག་ལམ་ནས་ཞུ་གཏུག་ཞུས་པའི་གྱོད་དོན30ཐག་གཅོད་བྱས་ཤིང་། དེ་ཚང་མ་ལྟ་ཞིབ་སྐབས་སུ་ལེགས་པོར་བསྒྲུབས། རིམ་རྩིས་ལྟར་ན་བརྟག་དཔྱད་འདྲི་ཤོག10361བསྡུས་པ་ལས94%མང་ཚོགས་ཀྱིས་ཉེ་བའི་ལོ་ལྔའི་རིང་ལ། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱུང་བར་འདོད། བརྟག་དཔྱད་འདྲི་ཤོག་ལས་མངོན་པའི་བྱེ་བྲག་གི་སྐྱེ་ཁམས་ཁོར་ཡུག་གནད་དོན་དང་མང་ཚོགས་ཀྱིས་གཅིག་བསྡུས་ཚུར་སྣང་བྱས་པའི་གཞན་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ས་གནས་ལ་གྱོད་དོན141བསྒྲུབ་རྒྱུར་སྤྲད། 

མཚོ་ནུབ་ཁུལ་དང་ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ་བཅས་ཀྱིས་ལྟ་ཞིབ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལྟ་ཞིབ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པའི་ནང་དོན་གལ་ཆེན་དུ་འཛིན་པ་དང་། སྐྱེ་ཁམས་དཔལ་ཡོན་བཙན་ས་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་གལ་ཆེན་དུ་བཟུང་ནས། མགོ་ཁྲིད་གཙོ་བོས་ལྟ་ཞིབ་སྐུལ་སློང་དང་ཡུལ་དངོས་ལྟ་སྐུལ། ཆེད་དོན་ཚོགས་འདུ་བསྡུས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། དག་ཐེར་ལེགས་བཅོས་དངོས་འབེབས་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་རེད། ལས་སྒྲུབ་ཏུ་སྤྲད་ཟིན་པའི་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ། ལྟ་ཞིབ་ཚན་ཆུང་སོ་སོས་མི་སྣ་བཀོད་སྒྲིག་བྱས་ཏེ་རྗེས་སྙེག་ལྟ་སྐུལ་བྱས་ཏེ། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་རྩད་ཞིབ་ཐག་གཅོད་དང་། དག་ཐེར་ལེགས་བཅོས། ཡོངས་བསྒྲགས་བཅས་ཚད་ལྡན་ཡོང་བར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།