མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་མཚམས་ཀྱི་བཟོ་སྐྲུན་སྤུས་ཚད་མཐོར་འདེགས་བྱེད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་སྤུས་ཚད་མཐོར་འདེགས་བཟོ་སྐྲུན་དེ་ཟླ6པའི་ཚེས21ཉིན་ནས་དངོས་སུ་བཟོ་སྐྲུན་བྱེད་མགོ་བརྩམས་པ་དང་། བཟོ་སྐྲུན་ལས་གཞིའི་དངུལ་གཏོང་ཚོད་རྩིས་སྤྱིའི་མ་དངུལ་སྒོར་དུང་ཕྱུར15.47ཡིན་པ་དང་། འཆར་གཞིའི་བཟོ་སྐྲུན་དུས་ཡུན་ལོ1.5ཡིན་པ་རེད། 

བཟོ་སྐྲུན་གཙོ་བོ་མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་གྱི་རྨང་གཞི་དང་ལྕགས་ལམ། ཟམ་རྡུང་ཁ་ཤས་བཟོ་བཅོས་དང་། གཏེར་ལེན་ཁའི་མེ་འཁོར་ས་ཚིགས། གསར་སྐྲུན་བྱས་པའི་ཧེ་ཡན་མེ་འཁོར་ས་ཚིགས་བཅོས་སྐྱོང་བྱེད་པ་ཡིན་ལ། མེ་འཁོར་ས་ཚིགས་ཁ་ཤས་ཀྱི་འབབ་སྟེགས་མཐོ་རུ་གཏོང་བ། དེ་མིན་མེ་འཁོར་ས་ཚིགས་ཁ་ཤས་ཀྱི་ཆར་འགོག་སྒྲིག་ཆས་ཁ་སྣོན་བྱེད་པ་དང་། ད་ཡོད་ཀྱི་མེ་འཁོར་ས་ཚིགས་ཀྱི་ལམ་ཐིག་བཟོ་བཅོས་དང་། དུས་མཉམ་དུ་གློག་འདོན་དང་འཕྲིན་གཏོང་། བརྡ་རྟགས་སོགས་ལྕགས་ལམ་སྒྲིག་ཆས་བཟོ་བཅོས་བྱེད་པ་ཡིན། 

མཚོ་བོད་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་བཟོ་སྐྲུན་སྤུས་ཚད་མཐོར་འདེགས་བྱེད་པ་དེས། མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་འགྲུལ་སྐྱེལ་སྒྲིག་ཆས་ཁ་གསབ་དང་ལྕགས་ལམ་སྐྱེལ་འདྲེན་གྱི་ཕན་ནུས་ལྡན་པའི་མཁོ་འདོན་རྒྱ་བསྐྱེད། མཚོ་བོད་ལྕགས་ལམ་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།