ཀྲུང་གོ་བོད་ཀྱི་དྲ་བ།

ཉའོ་ཁྲུན་ཡུན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་འཛུགས་སྐྲུན་ལ་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉའོ་ཁྲུན་ཡུན་གྱིས་མགོ་འཛིན་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཆེད་དོན་བློ་འདྲིའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་ཡར་ཞུར་ཉན་པ་དང་། ཆེད་དོན་བློ་འདྲིའི་འབྲེལ་ཡོད་གྲ་སྒྲིག་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། ཡུལ་དངོས་ནས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཕྱིར་གཏོང་བྱེད་སའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས། 

ཉའོ་ཁྲུན་ཡུན་གྱིས་ནན་གྱིས་བསྟན་དོན། ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཆེད་དོན་བློ་འདྲི་ནི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ད་ལོའི་ལྟ་སྐུལ་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གྱི་བྱེ་བྲག་གི་མངོན་མཚོན་ལག་ལེན་དོན་འཁྱོལ་བྱེད་པ་ཡིན་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་གླེང་བའི་མཐོ་ཚད་ནས་བསམ་བློའི་ངེས་ཤེས་མཐོར་འདེགས་དང་། བྱ་བའི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བློ་འདྲིའི་ལས་འགན་བླང་བྱ་ལེགས་འགྲུབ་བྱེད་པ་དང་། ཆེད་དོན་བློ་འདྲིར་བརྟེན་ནས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་དེ་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། 

ཉའོ་ཁྲུན་ཡུན་གྱིས་ཁྱོན་ཡོངས་ནས་ཆེད་དོན་བློ་འདྲིའི་བྱ་བ་དོན་འཁྱོལ་ཤུགས་དྲག་ཏུ་གཏོང་བ་དང་། མཐུན་འགྲིག་ལ་ཤུགས་བསྣན་ནས། རྟོག་ཞིབ་བྱ་བ་སྤེལ་བ་དང་། ཁྱོན་ཡོངས་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། གནད་དོན་གྱི་མི་འདང་ས་དང་ཞན་ཆ་བཙལ་ནས། ལག་བསྟར་བྱས་ཆོག་པའི་བསམ་འཆར་བཏོན་ཏེ། ཆེད་དོན་བློ་འདྲི་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།   ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།