2022ལོའི་པདྨ་རྫོང་གི་གློག་རྡུལ་ཚོང་དོན་གྱི“བརྙན་ཐུང་དང་ཐད་གཏོང་བརྒྱུད་དེ་གློག་རྡུལ་ཚོང་དོན་གཉེར་སྐྱོང”བྱེད་པའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་མགོ་ཚུགས་པ།

༡.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་ལས་དོན་ལེགས་པོར་སྒྲུབ་པ་དང་། དཔེ་སྟོན་རྫོང་གི་ས་གནས་གློག་རྡུལ་ཚོང་དོན་གྱི་མི་མངོན་པའི་ཁྲོམ་རའི་བྱེད་པོ་སྔོག་འདོན་བྱས་ཏེ། གློག་རྡུལ་ཚོང་དོན་གྱི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་སྐྱེད་སྲིང་བྱས་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱ་ཆེད། ཟླ6ཚེས20ཉིན། པདྨ་རྫོང་གི་གློག་རྡུལ་ཚོང་དོན་གྱི"བརྙན་ཐུང་དང་ཐད་གཏོང་བརྒྱུད་དེ་གློག་རྡུལ་ཚོང་དོན་གཉེར་སྐྱོང"བྱེད་པའི་གསོ་སྦྱོང་འཛིན་གྲྭ་རྫོང་དྲ་ལམ་ཚོང་དོན་ཞབས་ཞུའི་ལྟེ་གནས་སུ་གཟབ་རྒྱས་ངང་མགོ་ཚུགས། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཞ་ཧུང་མའེ་མགོ་ཚུགས་མཛད་སྒོར་ཕེབས་ཤིང་གཏམ་བཤད་གནང་། རྫོང་འཕེལ་སྒྱུར་ཅུའུ་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འགན་འཁུར་བློ་མཐུན། རྫོང་ཡོངས་ཀྱི་ཁེ་ལས་ཁག་དང་གློག་རྡུལ་ཚོང་དོན་རིམ་པ་གསུམ་པའི་དྲ་ཚིགས། ཞང་གྲོང་རྡལ་སོ་སོས་འོས་སྦྱོར་བྱས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་ལས་སྒུག་ན་གཞོན་བཅས་བསྡོམས་པས་མི40ལྷག་མཛད་སྒོར་ཞུགས།

༢.png

མགོ་ཚུགས་མཛད་སྒོའི་སྟེང་རྫོང་དཔོན་གཞོན་པ་ཞ་ཧུང་མའེ་ཡིས་པདྨ་རྫོང་གི་གློག་རྡུལ་ཚོང་དོན་འཕེལ་རྒྱས་སྐོར་ངོ་སྤྲོད་མདོར་བསྡུས་གནང་བ་དང་། ཐེངས་འདིའི"བརྙན་ཐུང་དང་ཐད་གཏོང་བརྒྱུད་དེ་གློག་རྡུལ་ཚོང་དོན་གཉེར་སྐྱོང"བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་དང་དོན་སྙིང་། དེ་བཞིན་ཐེངས་འདིའི་གསོ་སྦྱོང་གི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན་སྐོར་ནས་གཏམ་བཤད་གནང་། ཁོ་མོས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོར་ཕ་ཡུལ་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་པདྨའི་འཕེལ་རྒྱས་ལ་སེམས་ཁུར་བྱེད་པའི་རྣམ་འགྱུར་གྱི་སྒོ་ནས་ཐེངས་འདིའི་ཐོབ་དཀའ་བའི་གསོ་སྦྱོང་དང་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་དང་དམ་འཛིན་བྱས་ཏེ།  རང་འགུལ་ངང་དགེ་རྒན་དང་མཉམ་འགུལ་སྤེལ་རེས་ཧུར་ཐག་བྱས་ནས། ནུས་ཤུགས་ཡོད་རྒུས་བྱེད་ཐབས་ལ་སློབ་སྦྱོང་དང་བསམ་ཕྱོགས་གསལ་པོ་བཟོ་བ། ལག་ལེན་ལ་མཐོང་ཆེན་བྱས་ཏེ་རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས། ཡོན་ཆ་བཅས་འདོན་སྤེལ་བྱས་ནས་པདྨའི་མགྲིན་ཚབ་པར་འགྲེང་སྟེ་པདྨའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།  དེ་དང་ཆབས་ཅིག ཐེངས་འདིའི་དངོས་སྦྱོང་བྱས་པ་བརྒྱུད་ཐད་གཏོང་ཚོང་འགྲེམས་ཀྱི་རྩལ་ནུས་ཁོང་དུ་ཆུད་པར་བྱས་ཏེ་གློག་རྡུལ་ཚོང་དོན་ཐད་གཏོང་ལས་གཉེར་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་པར་འགྱུར་བར་བརྩོན་ལེན་བྱེད་པ་དང་། ཐེངས་འདིའི་གསོ་སྦྱོང་ཁྲོད་སྦྱངས་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དག་ལག་ལེན་ཁྲོད་སྤྱོད་ཐུབ་པར་བརྩོན་ལེན་བྱས་ནས།  ཐད་གཏོང་ཚོང་འགྲེམས་དེ་པདྨའི་ཁྱད་ལྡན་རིག་གནས་དང་སྤུས་ལེགས་ཐོན་རྫས་འོས་སྦྱོར་བྱ་སའི་སྐར་ཁུང་དང་། ལས་གཏོད་ཕྱུག་འགྱུར་གྱི་སྟེགས་བུ་རུ་འགྱུར་བར་བྱེད་པ། རང་རྫོང་གི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་བྲིན་ཚོང་དང་ཐད་གཏོང་གློག་རྡུལ་ཚོང་དོན་ཐོན་ལས་འཕེལ་རྒྱས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱས།

༣.png

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་གློག་རྡུལ་ཚོང་དོན་གྱི་ཐད་གཏོང་ཚོང་འགྲེམས་ཉམས་མྱོང་ལྡན་པའི་ཆེད་ལས་དགེ་རྒན་གདན་དྲངས་ནས་ཆེད་ལས་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་གི་ནང་དོན་གཙོ་བོར་དྲ་རྒྱའི་ཐད་གཏོང་དང་བརྙན་ཐུང་སྒྲིག་བཟོའི་རྨང་གཞི། འཁྱུག་དབྱངས་སོགས་བརྙན་ཐུང་གི་ཐོ་འགོད་ཨང་གྲངས་བཟོ་ཐབས། ནང་དོན་གསར་རྩོམ་བྱེད་ཐབས། ལག་ཁྱེར་ཁ་པར་སྤྱད་དེ་བརྙན་དང་པར་ལེན་ཐབས། ཐད་གཏོང་བཞུར་འདྲེན། ཐད་གཏོང་མཉམ་འགུལ།  ཐད་གཏོང་ཚོང་འགྲེམས་བྱེད་ཐབས། གཞི་གྲངས་དབྱེ་ཞིབ་བྱེད་ཐབས་སོགས་དངོས་སྦྱོང་རྩལ་ནུས་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་མང་པོ་ཚུད་ཡོད།  དུས་མཚུངས་སུ། སློབ་མ་ཚོས་གློག་རྡུལ་ཚོང་དོན་གྱི་ཚོང་གཉེར་བསམ་ཕྱོགས་དང་རྣམ་པ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་ཐད་གཏོང་ཚོང་འགྲེམས་ཀྱི་དུས་མཚམས་ཁག་གི་དངོས་སྦྱོང་གི་འབྲེལ་ཡོད་ཐབས་རྩལ་ཁོང་དུ་ཆུད་པ་བྱས་ཏེ།  སློབ་མ་ཚོར"ཐད་གཏོང་ཚོང་འགྲེམས"ཀྱི་ཞིབ་ཕྲའི་གཙོ་གནད་ཁོང་དུ་ཆུད་པ་དང་སྒྲིག་སྲོལ་ཤེས་རྟོགས་ཐུབ་པར་སྣེ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤེས་པ་དང་མཐོང་རྒྱ་ཆེ་རུ་གཏོང་བ། ཚོང་ལས་ཀྱི་ཚོང་གཉེར་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ། སློབ་མ་ཚོས་རང་འགུལ་ངང་གློག་རྡུལ་ཚོང་དོན་ཐད་གཏོང་འཕེལ་རྒྱས་ཀྱི་ཚ་རླབས་ནང་ཧུར་ཐག་ཞུགས་ཐུབ་པ་བྱས་ཏེ་དངོས་སྦྱོང་དོན་འཁྱོལ་ཡོང་བར་རོགས་རམ་བྱས་ཡོད།

རྗེས་ཀྱི་གསོ་སྦྱོང་ནང་རྫོང་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱིས་ཇུས་འགོད་ཧུར་ཐག་དང་རང་འགུལ་ངང་ནུས་ཤུགས་བཏོན་ཏེ་ས་གནས་གྱི་ཕུལ་བྱུང"ཐད་གཏོང་ཚོང་འགྲེམས་པ"ཁག་གཅིག་སྔར་ལས་ལེགས་ཤིང་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱ་རྒྱུ་ཡིན་ལ། སྐབས་དེར་གསོ་སྦྱོང་བྱེད་སྐབས་ཀྱི་མཚོན་ཚུལ་དང་གསོ་སྦྱོང་རྗེས་ཀྱི་དངོས་འཐབ་དཔྱད་ཞིབ་སོགས་རིམ་པ་རེ་རེ་བརྒྱུད་དེ་ས་གནས་གྱི"ཐད་གཏོང་ཚོང་འགྲེམས་པའི"དཔུང་ཁག་ཅིག་འདེམས་སྒྲིག་བྱས་ནས། རང་རྫོང་གི་ན་གཞོན་ཤེས་ལྡན་མི་སྣའི་ལས་རིགས་བྱང་ཚད་དང་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ན་གཞོན་ལས་གཏོད་ལས་དོན་ལ་རམ་འདེགས་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།