མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྒན་གསོར་མགོ་སྐོར་གཏོང་བར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་རྒན་གསོར་མགོ་སྐོར་གཏོང་བར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་འདེད་གྲོས་ཚོགས་འཚོགས་པ་མ་ཟད།  ཐེངས་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། ཆེད་དོན་འགུལ་སྐྱོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་མྱུར་ཏུ་འགུལ་སྐྱོད་སྤེལ་ནས་ནུས་པ་ལྡན་པ་དང་གོ་རིམ་ལྡན་པའི་ངང་ཆེད་དོན་བྱ་སྤྱོད་སྤེལ་ཏེ་ལས་དོན་སོ་སོའི་མགོ་ལེགས་པར་འཛུགས་ཐུབ་པ་བྱུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་དུས་ལྟར་བྱ་བའི་ཇུས་གཞི་བཟོས་ནས་རྒན་གསོར་མགོ་སྐོར་གཏོང་བར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་མགོ་ཁྲིད་ཚན་ཆུང་དང་ཆེད་དོན་འགུལ་སྐྱོད་བྱ་བའི་གཞུང་སྒྲུབ་ཁང་བཙུགས། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས2018ལོ་ནས་བཟུང་བདག་སྤྲོད་བྱས་པའི་འབྲེལ་ཡོད་གྱོད་གཞིར་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་གྲངས་ཀ་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བར་བྱས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ཆེད་དོན་འགུལ་སྐྱོད་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བ་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། “གཙོ་འགན་འཁུར་མཁན”གྱིས་དུས་བཅད་ལྟར་སྙན་ཞུར་ཉན་པ་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱེད་པར་ཞིབ་འཇུག་བྱས་ཏེ། ཆེད་དོན་འགུལ་སྐྱོད་ཀྱི་བྱ་བ་སོ་སོ་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དུས་མཚམས་སོ་སོའི་བྱ་བའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། འདྲི་གཅོད་ལག་བསྟར་གྱི་འབྲེལ་ཡོད་བྱ་བ་ནན་ཏན་གྱིས་ལེགས་པོར་སྒྲུབ་པ། རྒན་གསོར་མགོ་སྐོར་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། ཆེད་དོན་འགུལ་སྐྱོད་ལ་དོན་དངོས་ཀྱི་ཕན་འབྲས་ཐོན་པ་བཅས་བྱས་ནས། དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད་ཁྲིམས་ཁང་གིས་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རྒན་གསོའི་མིང་ཐོག་ནས་མགོ་སྐོར་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་ཁྲིམས་ལྟར་གཟབ་ནན་སྒོས་ཆད་པ་ནན་མོ་བཅད་དེ། ཆེས་མཐོ་བའི་ཚད་གཞིའི་སྒོ་ནས་མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུན་མི་ཐེབས་པ་དང་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”ལ་སྲུང་སྐྱོང་བཟང་པོ་བྱེད་དགོས། གྱོད་གཞིའི་དོན་དངོས་ཀྱི་འགག་སྒོ་དང་། དཔང་རྟགས་ཀྱི་འགག་སྒོ གོ་རིམ་གྱི་འགག་སྒོ བཅའ་ཁྲིམས་འཚམས་སྤྱོད་འགག་སྒོ་བཅས་གཟབ་ནན་གྱིས་སྲུང་བ་དང་། ནག་ཉེས་དང་ཉེས་ཆད་ཁྲིམས་བཀོད་དང་དཔང་རྟགས་ཀྱི་ཁྲུན་གཅོད་སོགས་བཅའ་ཁྲིམས་ཀྱི་རྩ་དོན་དོན་འཁྱོལ་ནན་མོ་བྱེད་པ། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་དབྱེ་མཚམས་ནན་གྱིས་ཁོང་དུ་ཆུད་པ་བཅས་བྱས་ནས། གྱོད་གཞི་ཚང་མ་བཅའ་ཁྲིམས་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྱོད་གཞིའི་གྱོད་སྒྲུབ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཆབ་སྲིད་ལ་མཐོང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ལམ་སྲུང་བ་བཅས་ཀྱི་མཐོ་ཚད་ཀྱི་ཚད་གཞི་དང་བྱ་ཐབས། སྤྱོད་ཚུལ་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་རྒན་གསོར་མགོ་སྐོར་གཏོང་བར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་ཁྲིམས་ལྟར་ནུས་པ་ལྡན་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། རྒྱ་ཆེའི་རྒན་པ་རྣམས་ཀྱིས་ཚེ་མཇུག་བདེ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་། ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།