ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མུ་ཏིག་བསྟར་ལ་བརྒྱུས་འདྲའི་མཛེས་ལྗོངས།

ཡུལ་འདི་ན་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཆེན་པོ་ལྔའི་གཙོ་བོ་མཚོ་སྔོན་པོ་དང་། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་ཆེན་པོ་དྲུག་གི་ཡ་གྱལ་མདོ་ལ་རིང་མོའི་རྩྭ་ཐང་། གོ་ལ་ཡོངས་ཀྱི་ཆེས་མཛེས་པའི་མེ་ཏོག་ཞིང་ཁམས་བཅུའི་གྲས་ཀྱི་ལོག་གར་མེ་ཏོག་གི་ཞིང་ཁམས། འཛམ་གླིང་གི་གླུ་དབྱངས་གྲགས་ཅན《རྒྱལ་རིང་གི་ཡུལ་གྲུ་དེ་ན》ཞེས་པའི་བརྩམས་ཡུལ་གསེར་དངུལ་རྩྭ་ཐང་བཅས་ཡོད་ལ། མཐོ་སྒང་གི་མར་གད་དང་སྐྱེ་ཁམས་ཀྱི་ཚིག་མཛོད་གསོན་པོ་རུ་འབོད་པའི་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། འཛམ་གླིང་གི་གྲོག་རོང་ཆེན་མོ་གསུམ་གྱི་གྲས་ཏེ་མདོ་ལ་རིང་མོའི་བ་ལྡིང་ཆུ་བོའི་གྲོག་རོང་ཆེན་མོ། མདོ་ལ་རིང་མོའི་ཤར་མཚམས་ཀྱི་རི་རྩེ་ཆེས་མཐོན་པོ་སྟེ་གངས་དཀར་ཕྱོགས་ལས་རྣམ་རྒྱལ།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་མཐོ་ས་སྟེ་ཀྲུང་གོའི་རྡུལ་ཕྲན་མཁར། རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ“དཔའ་རིས་བོད་ལྭ”དང“ཧུའེ་རིགས་སྟོན་མོའི་རོལ་དབྱངས།”“ཨ་རིག་གླུ་ཤགས”སོགས་ཡོད། སྣ་མང་རང་བཞིན་གྱི་ས་ཁམས་ས་གཤིས་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ལས་མཚོ་བྱང་གི་བརླན་ས་དང་བྱེ་ཐང་། རྩྭ་ཐང་། གངས་རི། ནགས་ཚལ། གྲོག་རོང་སོགས་གཞི་གཅིག་ཏུ་འདུས་པའི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རང་བྱུང་ཡུལ་ལྗོངས་དང་ཕུན་ཚོགས་སྣ་མང་གི་མི་ཆོས་རིག་གནས་ཀྱི་ལྟད་མོ་ཁུལ་གྲུབ་ཡོད།

མཚོ་བྱང་གི་མཛེས་པ་དེ་རི་ཀླུང་དང་གཙང་པོའི་བར་ན་གནས། མཐོ་སྒང་གི“མར་གད”དུ་འབོད་པའི་མཚོ་སྔོན་པོ་རུ་འདབ་ཆགས་ཁྲི་མ་འབུམ་གྱིས་གཤོག་རྩལ་ངོམ་ཞིང་གསེར་ཉས་འཁྱུག་རྩལ་ངོམ་པ་མཐོང་ཐུབ། “ཁུ་ནུའི་རྟོག་བཟོ”རུ་གྲགས་པའི་མདོ་ལ་རིང་མོའི་རི་རྒྱུད་དུ་ངོ་མཚར་ཞིང་བརྗིད་ཆགས་པའི་མཛེས་སྡུག་མངོན། འཛམ་གླིང་གི་གླུ་དབྱངས་གྲགས་ཅན《རྒྱལ་རིང་གི་ཡུལ་གྲུ་དེ་ན》ཞེས་པ་དེ་གསེར་དངུལ་ཐང་ནས་འཛམ་གླིང་དུ་སྙན་གྲགས་ཀྱི་བ་དན་གཡོས། ལོག་གར་མེ་ཏོག་གི་ཞིང་ཁམས་སུ་གསེར་མདོག་གི་དག་ཞིང་དེ་ཡིས་མི་སེམས་རབ་ཏུ་སྒུལ་བར་བྱེད།

མཚོ་བྱང་གི་མཛེས་པ་དེ་འདས་ཟིན་གྱི་ལོ་ཟླས་བསྐྲུན་པ་ཡིན། ལོ་ངོ4000ལྷག་གི་སྔོན་དུ། ཆའང་རིགས་ཀྱི་མེས་པོ་རྣམས་ཡུལ་འདི་ནས་གཞིས་ཆགས་པ་དང་། ཆི་ཅ་རིག་གནས་དང་ཁ་ཡོ་རིག་གནས་མཉམ་དུ་བྱུང་སྟེ་འོད་སྟོང་འབར་བའི་གནའ་བོའི་དཔལ་ཡོན་ཡུལ་འདི་ལ་བསྐྱུར།

མཚོ་བྱང་གི་མཛེས་པ་དེ་གསར་བརྗེའི་ཁྲག་རྒྱུན་བཞུར་ས་དེ་ཡིན། ཀྲུང་གོའི་རྡུལ་ཕྲན་དང་ཉིང་རྡུལ་ཐོག་མ་ཡུལ་འདི་ནས་གསར་གཏོད་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྦྲུམ་ཞིང་ཀྲུང་ཧྭ་མི་རིགས་དེ་ནས་བཟུང་སྒལ་ཚིགས་དྲང་མོར་སྲིང་ཐུབ་པར་གྱུར།

ཡུལ་ཁོངས་ཐམས་ཅད་རི་མོ་བཞིན་དུ་མཛེས།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རྒྱུན་ཆད་མེད་པར་ཧུར་བརྩོན་བྱས་པའི་འོག་བྱ་བ་མང་པོ་ཞིག་ལ་གྲུབ་འབྲས་བླངས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས།

མཚོ་བྱང་ཁུལ་གྱིས་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་དང་མིན་ཡོན་ལོག་གར་མེ་ཏོག་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། མདོ་ལ་རིང་མོ་རྩྭ་ཐང་གི་ཡུལ་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་དང་། མཚོ་སྔོན་པོའི་གསེར་ཉ་ཚེ་ཐར་གཏོང་བའི་དུས་ཆེན། མིན་ཡོན་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་འཛམ་གླིང་གངས་ཤུད་རི་འཛེགས་འགྲན་སྡུར། དགུན་དཔྱིད་ཡུལ་སྐོར•སྤྲོ་འཕེལ་མཚོ་བྱང་སོགས་ཀྱི་དུས་ཆེན་དང་འགྲན་སྡུར་སོགས་ཤུགས་རྐྱེན་ཅུང་ལྡན་པའི་བྱ་འགུལ་གྲགས་ཆེན་མང་པོ་སྤེལ་བས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་མཚོན་ན་མཚོ་བྱང་གིས་སྔར་བཞིན་མདུན་དུ་བསྐྱོད་ཅིང་མིག་དཔེ་བསྟན་ནས། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་བཟུང་ཞིང་ཁྱད་ཆོས་འབུར་དུ་དོད་པ། མཉམ་འདྲེས་གསར་སྐྲུན་བྱེད་པ། སྒོ་འབྱེད་དང་མཉམ་རོལ་བྱས་ཏེ་མཚོ་བྱང་ཉམས་མྱོང་སྤྱི་སྡོམ་དང་བརྒྱུད་སྒྲོག་བྱེད་བཞིན་ཡོད།

2022ལོར། མཚོ་བྱང་ཁུལ་གྱིས་སྔར་ཡོད་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་བར་གྱིA5རིམ་པའི་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདེ་བླག་གིས་གསར་སྐྲུན་བྱས་པའི་ཆི་ལེན་རྫོང་དང་རྐང་ཚ་རྫོང་གི་ཉམས་མྱོང་མ་དཔེ་བྱས་ཏེ། ཧའེ་ཡན་རྫོང་དང་མིན་ཡོན་རྫོང་གཉིས་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས་ནས། མཚོ་བྱང་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཁོ་ན་རུ་བསྐྲུན་རྒྱུ་རེད། 2022ལོའི་ཟླ3པའི་བར་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ4དང་། ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ24། གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་ས101(དེའི་ཁྲོད། སྐར་རིམ4ཅན69དང་སྐར་རིམ3ཅན28། སྐར་རིམ2ཅན4བཅས་ཡོད)བཅས་ཡོད།

མཚོ་བྱང་ཁུལ་གྱིས་ཡུལ་སྐོར་ལས་གཞིར་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ཆེད་སྤྱོད་མ་དངུལ་གྱི་འདེགས་ཤིང་ལྟ་བུའི་ནུས་པ་འདོན་སྤེལ་བྱས་པ་དང་། སྤྱི་ཚོགས་མ་དངུལ་རིག་གནས་དང་ཡུལ་སྐོར་ལས་གཞིར་གཏོང་དུ་བཅུག་པ། ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་ཕན་འབྲས་རྒྱ་བསྐྱེད་པ་བཅས་བྱས། 2017ལོ་ནས2021ལོའི་བར། རིག་གནས་དང་ཡུལ་སྐོར་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར124.4ཡོངས་འགྲུབ་བྱས། “མདེལ་གཉིས་སྐར་གཅིག”གི་ཕུགས་བསམ་ཡིད་ཆེས་སློབ་གསོ་སློབ་གླིང་དང་མདའ་བཞི་དམངས་སྲོལ་སྡེ་བ། མདོ་ལ་རིང་མོའི་སྐྱེ་ཁམས་ཕྱུགས་ར། མདོ་ལའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གཞི་གྲངས་ལྟེ་གནས། བྲེལ་བསྟུན་སྲོག་སྐྱོབ་ལྟེ་གནས། རྐང་ཚ་འོམ་ཆུའི་གསེར་ཉའི་གཞིས་ཁྱིམ་བཅས་བཅོས་བསྒྱུར་དང་མཐོར་འདེགས་བྱེད་པ་དང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐང་ཆེན་སོགས་ཀྱི་རིག་གནས་ཡུལ་སྐོར་ལས་གཞི་གཙོ་གནད་སྐོར་ཞིག་ལག་བསྟར་བྱས་ཏེ། ཁུལ་དང་རྫོང་དུ་རིག་ནུས་ཡུལ་སྐོར་གཞི་གྲངས་ལྟེ་གནས་བཙུགས།

མཚོ་བྱང་གིས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱུ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྣེ་འདྲེན་བྱས་ཏེ། མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའི་ལྗོངས་ཁུལ་དག་ལ་དལ་གྱིས་བསྐྱོད་པའི་མ་ལག་འཛུགས་སྐྲུན་བྱེད་པ་དང་ལྗོངས་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་པ། ཡུལ་སྐོར་གྱི་སྒྲིག་བཀོད་མཐོར་འདེགས་བྱེད་པ་བཅས་ཀྱི་བཟོ་འགོད་ལག་བསྟར་བྱས་ནས། ནུབ་མཚོ་གྲོང་རྡལ་དང་བཙུན་མོ་གཞོང་གྲོང་རྡལ། འཇུ་ལག་གྲོང་རྡལ། འོམ་ཆུ་གྲོང་རྡལ་བཅས་སུ་ཡུལ་སྐོར་པ་སྡུད་འགྲེམ་ལྟེ་གནས་དང་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས7གང་མྱུར་གྱིས་འཛུགས་སྐྲུན་བྱེད་རྒྱུ་རེད། ཀྲུང་དབྱང་དང་ཞིང་ཆེན་གྱི“ལྔ་བཅུ་བཞི”ཡི་འཆར་འགོད་ལ་དབྱེ་ཞིབ་ཞིབ་འཇུག་གཏིང་ཟབ་བྱས་ཏེ།རྨང་གཞི་སྒྲིག་བཀོད་ཕྱོགས་སུ་ནོར་སྲིད་གཙོ་གནད་རོགས་སྐྱོར་གྱི་འཛུགས་སྐྲུན་ལས་གཞི་སྐོར་ཞིག་ཡར་ཞུ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལས་གཞི་ཡིག་མཛོད་བསྐྲུན་རྒྱུ་རེད།

རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་དྲིལ་སྒྲོག་བྱེད་པའི་ཤུགས་རྐྱེན་གསར་པ་ཆགས་སུ་འཇུག་རྒྱུ་རེད། མདོ་ལ་རིང་མོ་དང་མཚོ་སྔོན་པོ་གཉིས་ཀྱི་མི་ཆོས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་གྱི་ལྗོངས་ཁུལ་ཁྱམས་རིང་འཛུགས་སྐྲུན་བྱེད་པར་དམིགས་ནས། མཚོ་སྔོན་དང་ཀན་སུའུ། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་ཞིན་ཅང་བཅས་ཀྱི་ཡུལ་སྐོར་བསྐོར་ལམ་ཆེན་མོ་དང་གང་མྱུར་གྱིས་འདྲེས་སུ་བཅུག་སྟེ། མཐའ་འཁོར་ཞིང་ཆེན་དང་ལྗོངས། གྲོང་ཁྱེར། ཁུལ་བཅས་ཀྱི་མཉམ་ལས་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་རྒྱུ། རྡུལ་ཕྲན་མཁར་གྱི་འཚོལ་སྙེག་ཡུལ་སྐོར་དང་མདོ་ལ་རིང་མོའི་ཁམས་གསོ་ཡུལ་སྐོར། མཚོ་སྔོན་པོར་བསྐོར་བའི་སྤྲོ་གསེང་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ལམ་ཐིག་ལེགས་ཤོས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་དང་། དུས་ཆེན་དང་འགྲན་ཚོགས་སོགས་ཤུགས་རྐྱེན་ཅུང་ལྡན་པའི་ཚོང་རྟགས་གྲགས་ཅན་གྱི་བྱ་འགུལ་སྣ་ཚོགས་ལ་བརྟེན་ནས། ཞིང་ཆེན་ལྟེ་གནས་སུ་དྲིལ་སྒྲོག་དང་ཕྱིར་བཙོང་བྱེད་པའི་ཤུགས་ཇེ་ཆེར་གཏོང་རྒྱུ་དང་། “རབ་མཛེས་མཚོ་སྔོན•ངོ་མཚར་མཚོ་བྱང”གི་སྐྱེ་ཁམས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ནུས་པ་དང་ཡུལ་ཁོངས་རིག་གནས་ཀྱི་འགུགས་ཤུགས། སྐྱེ་ཁམས་སྣང་བརྙན་གྱི་མཉམ་འདྲེས་ནུས་ཤུགས་བཅས་ཉིན་རེ་བཞིན་འཕར་བར་སྐུལ་འདེད་གཏོང་རྒྱུ་རེད།

རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐུལ་འདེད་གཏོང་རྒྱུ་རེད། མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་དེ་རིག་གནས་དང་ལུས་རྩལ། ཁམས་གསོ། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་དང་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁམས་གསོ་དང་རང་བྱུང་སློབ་གསོ། རིག་གནས་གསར་སྐྲུན་སོགས་ཀྱི་ལས་རྣམ་གསར་པ་དང་ཐོན་རྫས་གསར་པ་གསོ་སྐྱོང་བྱེད་པ་དང་། ཐོག་མའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་བཟོ་རྟེན་གཞིའི་རྗེས་ཤུལ་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་བྱ་བ་གཙོ་བོ་ལེགས་འཛིན་བྱས་ཏེ། སྐྱེ་ཁམས་ཀྱི་གསར་བརྗེའི་ཡུལ་སྐོར་དྲ་གྲགས་ལྗོངས་ཁུལ་སྐོར་ཞིག་འོས་སྦྱོར་བྱེད་རྒྱུ་རེད། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཤུགས་རྐྱེན་ནུས་པ་དང་འབྱེད་འཕྲོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་བརྗོད་དོན་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་ཁྲོད་དུ་འདྲེས་སུ་བཅུག་ནས་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ལམ་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།