ཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་ཡིད་ལ་དམ་པོར་འཆང་ནས། སྐྱེ་ཁམས་མཛའ་མཐུན་ཡིན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་སྔོ་ཁེབས་ཁྱབ་ཚུལ་གྱི་དཔེ་རིས་ལ་བལྟས་ན། ལྷོ་ནུབ་ཁུལ་གྱི་འཁྱགས་རོམ་དཀར་པོ་དང་རི་མཐོའི་བྲག་རི་ཁམ་ནགས་ཀྱི་བར་དུ། སྔོ་ལྗང་གིས་ཁེབས་པའི་ས་གཞི་ཆེན་པོ་ཞིག་ཡོད་དེ། གནས་དེ་ལས་འབྱུང་བཞིན་པའི་ཆུ་བོ་དག་ནི་ལུས་ཀྱི་ཁྲག་རྩ་ཕྲ་མོ་ཇི་བཞིན་རྫོང་མཐུག་ལ། མཐའ་མར་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ལ་འདྲེས་ཡོད། དེས་ལོ་རེ་རེ་བཞིན་སྨད་རྒྱུད་ས་ཁུལ་ལ་དྭངས་གཙང་གི་ཆུ་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར600སྐྱེལ་བཞིན་ཡོད། གནས་དེ་ནི“ཀྲུང་ཧྭའི་ཆུ་ལྕོག”གི་མཚན་སྙན་ཐོབ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་ས་ཁུལ་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པས་མི་ཚད། གོ་ལ་ཕྱེད་བྱང་མའི་གནམ་གཤིས་ཚོར་སྐྱེན་མགོ་སློང་ཁུལ་དང་གོ་ལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་སྙོམས་སྒྲིག་བརྟན་བརླིང་ཆུས་ཡིན་ལ། མཐོ་གྲང་སྐྱེ་དངོས་རང་བྱུང་དངོས་རིགས་ཐོན་ཁུངས་ཀྱི་བང་མཛོད་ཀྱང་ཡིན།

“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས’ཡིན།” 2016ལོའི་ཟླ8པའི་ཚེས24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས“མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན”པའི་འཕེལ་རྒྱས་ཀྱི་གཏན་འཁེལ་གནས་ཐིག་བསྟན་རྗེས་ཀྱི་ལོ་ངོ5ཡི་རྗེས་སུ་ཡང་བསྐྱར་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་འདི་ལྟར་མཚོ་སྔོན་གྱི་རྒྱལ་ཡོངས་འཕེལ་རྒྱས་གནས་བབ་ཆེན་པོའི་ཁྲོད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་གསལ་བར་བསྟན།

མངགས་བཅོལ་ཡིད་ལ་དམ་པོར་འཆང་སྟེ། འབད་འབུངས་ལྷོད་མེད་ཀྱིས་མདུན་བསྐྱོད་བྱེད། ལོ་གཅིག་གི་ནང་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཡིད་ལ་བརྟན་པོར་བཅངས་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ལ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ལྗང་མདོག་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན། མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་གསར་གཏོད། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱག་ཀླུང་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཀྱི“མཐོ་གནས་གསར་པ”བདུན་ཧུར་ཐག་གིས་འཛུགས་སྐྲུན་བྱས་ནས། “རྩེར་སྙེག”གི་སྤོབས་སེམས་དང་མགྱོགས་ཤིང་མྱུར་བའི་གོམ་སྟབས་ཀྱིས། སྐྱེ་ཁམས་དཔལ་ཡོན་མཐོ་གནས་གསར་སྐྲུན་གྱི་རྡོག་སྒྲ་ཆེས་ཆེར་བསྒྲགས།

“ཀྲུང་ཧྭའི་ཆུ་ལྕོག”རྒྱུན་མཐུད་ཀྱིས་ཇེ་རྒྱས་ཇེ་འཛོམས་སུ་གྱུར་པ།

“གཙང་པོ་གསུམ་གྱི་འབྱུང་ཡུལ”ཡིན་པའི་ཆ་ནས། མཚོ་སྔོན་གྱི90%ཡི་ས་ཁུལ་ནི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དུ་གཏོགས་ལ། རང་རྒྱལ་གྱི“ཡོལ་གཉིས་རྒྱུད་གསུམ”སྐྱེ་ཁམས་བདེ་འཇགས་གནས་བབ་ཁྲོད་ཀྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མཚོ་སྔོན་ལ་མཚོན་ན། སྐྱེ་ཁམས་བདེ་འཇགས་ནི་རང་སྟེང་གི་འཕེལ་རྒྱས་དང་འབྲེལ་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་ཡོད།

2021ལོར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། བྱང་གསུམ་འགོག་སྲུང་ནགས། རང་བྱུང་ནགས་སྲུང་སྐྱོབ། རྩྭ་ས་ཞན་འགྱུར་བཅོས་སྐྱོང་སླར་གསོ། ཞིང་བསྐྱུར་ཕྱུགས་བསྐྱུར་ནགས་གསོ་རྩྭ་གསོ་སོགས་གཙོ་གནད་སྐྱེ་ཁམས་བཟོ་འགོད་རྟེན་གཞི་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་བསྐྱོད་དང་ནགས་ཚལ་དང་རྩྭ་ཐང་གི་སྤུས་ཚད་གནད་ཁེལ་མཐོར་འདེགས་གཏོང་བའི་འགུལ་བསྐྱོད་ལག་བསྟར་གཏིང་ཟབ་བྱས་ལ། སྟོན་དཔྱིད་དུས་ཚིགས་གཉིས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར“མཉམ་འཐབ་ཆེན་མོ”དང་དམངས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་བྱས་ཏེ་ལོ་འཁོར40འགོར་བའི་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱས་ནས། རྒྱལ་ཁོངས་ལྗང་བསྒྱུར་སྤྱི་ཆིངས343466.7ལེགས་འགྲུབ་བྱས་ལ། ཞིང་ཆེན་ཡོངས་ཀྱི་ནགས་ཀྱི་ཁེབས་ཚད་དང་རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཚད7.5%དང57.8%ལ་སླེབས། མྱ་ངམ་ཐང་དང་བྱེ་འགྱུར་ས་ཆ་ལ“གཉིས་འཕྲི”ཡི་འཕེལ་ཕྱོགས་མངོན། ལྗང་མདོག་བར་སྟོང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཁོར་ཡུག་གི་ཐེག་ཚད་ནུས་ལྡན་མཐོར་འདེགས་བཏང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གོམ་གང་མདུན་སྤོས་ཀྱིས་ཇེ་བརྟན་དུ་བཏང་།

2021ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་རང་ཞིང་གིས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་བསྟུན་ནས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་བླངས་པ་དང་། ས་ཁོངས་སྐྱེ་ཁམས་བྱེད་ནུས་རྒྱུན་ཆད་མེད་པར་ལེགས་བསྒྱུར། ཆུ་ཁུངས་གསོག་ཉར་ས་ཁུལ་གྱི་བྱེད་ནུས་སྔར་ལས་འབུར་དུ་ཐོན་པ་བཅས་བྱས་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཐད་མཚོ་སྔོན་གྱི་བྱས་རྗེས་བཞག

སྐྱེ་ཁམས་གཞི་མདོག་མཐུག་པོ་བཏིང་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

མཐའ་ཡས་པའི་མཚོ་སྔོན་གྱི་ས་གཞི་ཆེན་པོར་ཐུར་དུ་བལྟས་ཚེ། ཙོང་ཆུའི་བཞུར་རྒྱུད་ནས་གཙང་གསུམ་འབྱུང་ཡུལ་བར་དང་། མདོ་ལ་རིང་མོའི་ཕུགས་ནས་ཚྭ་འདམ་གཞོང་ས་བར་དུ། ལྗང་མདོག་ནི་ཚེ་སྲོག་གི་མཚོན་རྟགས་དང་རང་བྱུང་ཁམས་ཀྱི་རང་མདངས་ཡིན་ལ། དེ་ལས་ཀྱང་ས་གནས་འདིའི་འཕེལ་རྒྱས་ཀྱི་གཞི་མདོག་ཡིན།

རང་རྒྱལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐཱན་རྩེར་སྣོན་དང་ཐཱན་སྙོམས་འཛིན་གྱི་དམ་བཅས་པའི་རྒྱབ་ལྗོངས་འོག མཚོ་སྔོན་གྱིས་རང་སྟེང་གི་སྐྱེས་ཐོབ་ཀྱི་ཐོན་ཁུངས་ལ་རྐང་ཚུགས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་ཆབ་རོམ་གངས་ཐང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ལ། ལྗང་མདོག་དེ་གཞི་མདོག་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་གིས་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་གནས་གསར་པ་བསྐྲུན།

2021ལོར། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས“གནས་བཞི”ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་། “དཔལ་འབྱོར་གནས་སྟངས་རིགས་བཞི”ཧུར་ཐག་གིས་གསོ་སྤེལ་བྱས་ལ། གཞི་གྲངས་རེ་རེ་དང་གྲུབ་འབྲས་རེ་རེ་ཡིས་མཚོ་སྔོན་གྱིས་ལྗང་མདོག་ཐོན་ལས་མ་ལག་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ཐད་ཀར་མངོན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཞང་གངས་ལུང་སྡེ་བ་རུ། ས་གནས་ཀྱིས་ཕྱུགས་བསྐྱུར་ཕྱུགས་འཕྲི་དང་ཚོགས་བགོས་ཕྱུགས་འཚོ། ལུགས་མཐུན་ལས་བགོས་ཀྱི་སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་ནས། སྔོན་ཆད་ཀྱི་འབྲོག་པའི་ཐེག་བརྒལ་ཕྱུགས་འཚོ་དང་ཕྱུགས་འཕེལ་ན་ཡོང་སྒོ་མི་འཕེལ་བའི་འཕེལ་རྒྱས་ཀྱི་གནད་དོན་ལ་འགྱུར་ལྡོག་བཏང་བ་དང་། རྩྭ་ཐང་བྱེ་འགྱུར་གྱི་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ་ཐད་བྱེད་ནུས་གལ་ཆེན་ཐོན་པར་མ་ཟད། ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་བྱེད་པ་མངོན་འགྱུར་བྱུང་། སྐྱེ་ཁམས་ལེགས་པོ་དེ་ནི་ད་བཟོད་རང་ཉིད་ཀྱི་ལག་ཏུ་དམ་པོར་ཐོགས་པའི་རྒྱུ་ནོར་རང་ཡིན་པ་ས་གནས་ཀྱི་འབྲོག་པ་རྣམས་ཀྱིས་ཀྱང་རྟོགས་ཡོད།

2021ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་མིང་ཐོབ་སྟེ། རང་ཞིང་གི་མིང་ཐོབ་པའི་གྲོང་ཁྱེར(ཁུལ)དང་པོར་གྱུར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་ལ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ཡི་མིང་བཏགས།

མི་ཡིས་སྔོ་ལྗང་རི་བོ་མ་བསླུས་ན། སྔོ་ལྗང་རི་བོས་མི་ནི་བསླུ་མི་སྲིད། སྐྱེ་ཁམས་དང་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་འགྲོ་བ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད། གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་བུ་དང་བུ་མོར་མཚོན་ན། ལྗང་མདོག་དེ་ཉིད་རྗེས་ཕྱོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རང་མདངས་དང་ལྷོད་མེད་བརྩོན་ལེན་གྱི་སྤུས་ཀ་ཡིན།

རང་བྱུང་ཚེ་སྲོག་གཅིག་མཐུན་ཚོགས་པའི་ཁྱིམ་གཞིས་སྲུང་སྐྱོབ་བྱས་པ།

ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། “མཐོ་སྒང་གི་གཡུ་ཡི་མེ་ལོང”དུ་གྲགས་པའི་མཚོ་སྔོན་པོ་རུ། ཁྲུང་ཁྲུང་མགོ་ཁྲ་དང་མཚེའུ་སྐྱར་འོལ་མགོ རྟ་སྐྱར། སོ་བྱ་རོག་པོ་སོགས་བྱ་རིགས་མང་པོ་རྒྱུད་སྤེལ་འཚོ་གནས་བྱེད་བཞིན་ཡོད་ལ། གཡུ་ཡི་རླབས་ཕྲེང་འཕྱོ་ཞིང་བྱ་བརྒྱ་འཕུར་ལྡིང་ལ་རྩེན་པའི་ཡིད་དུ་འོང་བའི་རི་མོ་ཞིག་གྲུབ་ཡོད། ཨ་ཆེན་གངས་རྒྱབ་ཏུ། ལོ་འཁོར་མོ་རེ་རེའི་གཞི་རྒྱ་ཆེ་བའི་གཙོད་ཁྱུ་གནས་སྤོ་མགོ་བརྩམས་པ་དང་། ཁྱུ་དང་ཁྱུ་བྱས་ཏེ་ཕྲུ་གུ་བཙའ་བར་སྒུག་པའི་གཙོད་དག་མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་བརྒལ་ཏེ། གཙོད་ཕྲུག་རྩེབས་སའི་འབྲོང་ནག་མཚེའུ་ཡི་ཕྱོགས་སུ་བསྐྱོད།

2021ལོར། མཚོ་སྔོན་གྱི་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་སྲུང་སྐྱོང་དམག་འཐབ་གཏིང་ཟབ་བརྒྱབ་ལ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད95%ཡན་ལ་སླེབས། འབྲི་ཆུ་དང་རྨ་ཆུ། མཚོ་སྔོན་པོ་སོགས་གཙོ་གནད་ཆུ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སླར་གསོ་དང་ཆུའི་ཁོར་ཡུག་བཅོས་སྐྱོང་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། ཆུའི་རྒྱལ་ཁབ་ཚད་གཞིའི་བཅད་ངོས་སྤུས་ཚད་ལེགས་པའི་བསྡུར་ཚད100%ལ་སླེབས། གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་གལ་ཆེ་བའི་སྐྱེ་ཁམས་མ་ལག་ཞབས་ཞུའི་བྱེད་ནུས་བརྟན་བརླིང་ངང་ཇེ་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར།

2021ལོའི་ཚུན་དུ། རང་ཞིང་གིས་རོང་པོ་ཐང་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ3དང་ཟི་ལིང་ཙོང་ཆུ་སོགས་རྒྱལ་ཁབ་བརླན་སའི་སྤྱི་གླིང15ཡི་ཁྲོད་དུ་བརླན་ས་ཞན་འགྱུར་སླར་གསོ་དང་བྱ་རིགས་འཚོ་སྡོད་བྱ་ཡུལ་སླར་གསོ་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། དེ་དང་མཉམ་དུ་འཇིག་ཉེན་ཆེ་བའི་དངོས་རིགས་རྩ་ཆེན་སྲུང་སྐྱོང་སླར་གསོ་དང་ཐུན་མིན་སྐྱེ་དངོས་རྒྱུད་རྒྱུ་ཐོན་ཁུངས་སྲུང་སྐྱོང་མ་ལག་སྒྲིག་འཛུགས། སྐྱེ་དངོས་བདེ་འཇགས་ཉེན་ཁ་འགོག་སྲུང་དང་ཁ་གཏད་ལ་སྐུལ་འདེད་སོགས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་མཐོ་ས་གསར་པ་བསྐྲུན་པར་ནུས་ཤུགས་ཆེན་པོ་བཏོན།

མཇུག་སྒྲིལ་མ་ཐག་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུའི་ནང་དུ་། “སྐྱེ་ཁམས་མཛའ་མཐུན་ཡིན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་ཆབ་རོམ་གངས་ཐང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དང་། སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་ཡིན་པ་དང་། ཐོན་ལས་དང་དཔལ་འབྱོར་གྱི་བྱ་འགུལ་ཡོད་ཚད་ངེས་པར་དུ་སྐྱེ་ཁམས་ལེགས་ཕྱོགས་འཕེལ་རྒྱས་ལ་སྐུལ་བར་ཕན་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པ་བཅས་རྒྱུན་འཁྱོངས་བྱེད་དགོས”པ་བསྟན་ཡོད།

མཐོ་སྒང་གི་དུས་བཟང་མངོན་དུ་ཤར་བའི་སྐབས་འདིར། གཙང་པོའི་འབྱུང་ཡུལ་གྱི་ས་ཆེན་སྟེང་བགྲོད་ཚེ། མིག་ལམ་དུ་མངོན་པ་ནི་རི་ཆུ་སྔོ་ཞིང་དྭངས་པ་དང་། རྩྭ་ལྗང་གང་སར་ཁྱབ་པ། འདབ་ཆགས་འཕུར་ལྡིང་ལ་རྩེན་པ། སེམས་ཅན་འཚོ་སྡོད་བདེ་བའི་རི་མོ་ལྟ་བས་མི་ངོམས་པ་ཞིག་ཡིན་ཞིང་། དེས་ང་ཚོར་སྔར་ལས་རང་རྟོགས་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་སྐུལ་ལྕག་གནང་སྟེ། རི་སྔོ་ཆུ་དྭངས་དེ་མཚོ་སྔོན་གྱི་འགྱུར་བ་མེད་པའི་དགེ་མཚན་དང་གཟི་བརྗིད་ལ་འགྱུར་དུ་འཇུག་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།