ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་ལག་བསྟར་བྱ་ཐབས》ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་ཚན་རིག་ཅན་དང་ཞིབ་ཕྲ་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་དགོས་མཁོ་སྔར་ལས་སྐོང་སྟེ། ཐེབས་རྩའི་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་ཆེད། ཉེ་ཆར་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་ལག་བསྟར་བྱ་ཐབས》གཏན་འབེབས་བྱས་པ་དང་། 2022ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

《ལག་བསྟར་བྱ་ཐབས》ལ་བསྡོམས་པས་ལེའུ་དྲུག་དང་དོན་ཚན་སུམ་ཅུ་ཡོད་པ་དང་། དེའི་ཁྲོད་དཀར་ཆག་གི་གྲུབ་ཆ་དང་སྨན་སྤྱོད་དོ་དམ། འགན་འཁྲིའི་དབང་ཚད།《སྨན་རྫས་དཀར་ཆག》བཟོ་བ་དང་། ལེགས་སྒྲིག་དང་བེད་སྤྱོད། སྨན་བཅོས་འགན་བཅོལ་གྱི་རྩིས་སྤྲོད་དང་དེ་བཞིན་དོ་དམ་དང་ལྟ་སྐུལ་སོགས་ཀྱི་ནང་དོན་ཚུད་ཡོད། 《ལག་བསྟར་བྱ་ཐབས》ལས་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ཡིས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལེགས་སྒྲིག་དབང་ཚད་དང་གོ་རིམ་ལྟར། མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཐེག་ནུས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས། འགུལ་རྣམ་ལེགས་སྒྲིག་གི་བྱ་ཐབས་སྤྱད་དེ་ཆ་རྐྱེན་འཛོམས་པའི་མི་རིགས་ཀྱི་སྨན་དང་། སྨན་བཅོས་སྒྲིག་གཞིའི་སྨན་རྫས། ཀྲུང་ལུགས(བོད་ལུགས)ཀྱི་སྨན་དང་འཐུང་བྱ་བཅས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་དགོས་པ་མ་ཟད། གཏན་འབེབས་ལྟར་རྒྱལ་ཁབ་སྨན་བཅོས་འགན་སྲུང་སྲིད་འཛིན་སྡེ་ཚན་ལ་ཐོ་འགོད་བྱས་རྗེས་ལག་བསྟར་བྱེད་དགོས་པར་གསལ་བོ་བསྟན་ཡོད། 

《ལག་བསྟར་བྱ་ཐབས》ཁྲོད་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་སྲིད་ཇུས་གསལ་བོར་བཟོས་ཡོད་པས། གྲོང་ཁྱེར་དང་ཁུལ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་དཀར་ཆག་བཟོ་བའམ་ཡང་ན་བབ་བསྟུན་གྱི་བྱེད་ཐབས་ཐོག་ནས་དཀར་ཆག་ནང་གི་སྨན་ཇེ་མང་དུ་གཏོང་མི་ཆོག་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཅུག་པའི་སྨན་རྫས་ལ་ངེས་པར་དུ་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན་དང་དེ་བཞིན་མི་དགོས་པའི་སྨན་རྫས་རིགས8ཀྱི་གནས་ཚུལ་དང《སྨན་རྫས་ཀྱི་དཀར་ཆག》ཕྱིར་གཏོང་བྱེད་དགོས་པའི་གནས་ཚུལ་དྲུག་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་དང་སྨན་རྫས་གཏོང་སྤྲོད་ཚད་གཞིའི་སྲིད་ཇུས་ཏེ།  གཏོང་སྤྲོད་ཚད་གཞི་ནི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་མཁན་གྱིས《སྨན་རྫས་དཀར་ཆག》ནང་གི་སྨན་རྫས་བེད་སྤྱོད་བྱེད་སྐབས་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྨན་རྫས་འགྲོ་གྲོན་གཏོང་སྤྲོད་ཀྱི་ཚད་གཞི་དེ་རེད། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩས་སྨན་རྫས་ཀྱི་གཏོང་སྤྲོད་ཚད་གཞི་དང་དེ་བཞིན་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་གཏན་འབེབས་གཞིར་བཟུང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཁང་ལ་སྨན་རྫས་གྲོན་དངུལ་སྤྲོད་པ། སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་ལྟ་སྐུལ་དོ་དམ་སྲིད་ཇུས་ཐད་རིམ་པ་སོ་སོའི་སྨན་བཅོས་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ངང་གྲོས་མཐུན་དང་། སྲིད་འཛིན། ཁྲིམས་འཛིན་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་སྨན་སྤྱོད་སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་བདེ་འཇགས་རང་བཞིན་དང་། ཕན་ནུས་རང་བཞིན། དཔལ་འབྱོར་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།