ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་ཐུན་མོང་གི་འདུ་ཤེས་གཅིག་གྱུར་དང་མཉམ་ལས་གཏིང་ཟབ་སྒོས་མཉམ་ཏུ་འཕེལ་རྒྱས་གཏོང་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཁེ་ལས་ཀྱི་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཁེ་ལས“གཏན་འཇགས་ཆས”དང“གྲུ་རྡོ”ཡི་ནུས་པ་འདོན་སྤེལ་གང་ལེགས་སྒོོས། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་། གསར་གཏོད་འཕེལ་རྒྱས་ཁྲོད་ལེགས་ཆ་འདོན་སྤེལ་བྱེད་པ། དཔལ་འབྱོར་བརྟན་བརླིང་ཡོང་བར་འགན་འཁྲི་ལྕི་མོ་འཁུར་ཕོད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་མུ་མཐུད་ཤུགས་སྣོན་པ་དང་། མཉམ་ལས་གཏིང་ཟབ་ཁྲོད་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། 

གྲོས་ཚོགས་སྟེང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་དང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སིའི་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི། རྒྱལ་ཁབ་གློག་ཤུགས་མ་རྐང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་ཧ་ཡང་ལས་རིགས་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་གློག་འཕྲིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ཀྲུང་དབྱང་ཁེ་ལས་སུ་བཅའ་སྡོད་འགན་འཁུར་བློ་མཐུན་གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། ཝུའུ་ཞའོ་ཅུན་གྱིས་ཉན་ཞོར་དུ་གནས་ཚུལ་ལ་རྒྱུས་ལོན་ཡང་ཡང་བྱས་ནས་ཚང་མ་དང་སྤེལ་རེས་བྱས་ཏེ་དཀའ་ངལ་ཡོད་པའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་སྡོད་པའི་ཀྲུང་དབྱང་ཁེ་ལས་སོ་སོས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཧུར་ཐག་གིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། ཀྲུང་དབྱང་ཁེ་ལས་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་རྐང་ལྟ་བུ་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་མཁན་དང་། འཛུགས་སྐྲུན་བྱེད་མཁན། ལེགས་སྐྱེས་འབུལ་མཁན་གལ་ཆེན་ཡིན། དུས་ཡུན་རིང་པོའི་ནང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་རང་ངོས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། ཐོན་ལས་གཞན་སྒྱུར། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས་སོགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཝུའུ་ཞའོ་ཅུན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱང་མཚོ་སྔོན་གྱི་ཁེ་ལས་ཡིན་པའི་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས། ཀྲུང་དབྱང་དང་ས་གནས་འབྲེལ་མཐུད་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རྣམ་གྲངས་མ་རྐང་འཇོག་པ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ། དཔལ་འབྱོར་བརྟན་འཇགས་ཡོང་བའི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ། ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་ལེགས་པ་བྱེད་པ་དང་། ཁོར་ཡུག་སྔར་ལས་ལེགས་པ། སྟབས་བདེ་སྔར་ལས་མང་བ་འཛུགས་པ་བཅས་བྱས་ནས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་བློ་བདེ་ལ། བག་ཕེབས་པ། བརྟན་ཚུགས་པ་བཅས་ཀྱི་སྒོ་ནས་མཚོ་སྔོན་ལ་མ་རྐང་འཇོག་པ་དར་རྒྱས་གཏོང་དགོས་པའི་བླང་བྱ་བཏོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།