ད་ལྟའི་མཚོ་སྔོན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཞིང་ཁམས་ཤིག་ཡིན།

“མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་ནི་ཧ་ཅང་གནད་ཆེ་ལ་དམིགས་བསལ་ལྡན་པས། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་ལྕི་མོ་ངེས་པར་ཕྲག་ཏུ་ཐེག་དགོས། ”

“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན།”

“རྒྱལ་ཁབ་སྤྱི་གླིང་འཛུགས་པ་གཙོ་སྙིང་དུ་བཟུང་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་སྔོན་དུ་བསྐྱོད་ནས། རི་སྔོ་ཆུ་དྭངས་ནི་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་དུ་འགྱུར་བར་བྱས་ནས། དམངས་ལ་བདེ་སྐྱིད་དང་བུ་རབས་ཚ་རྒྱུད་ཀྱི་བགོ་སྐལ་དུ་སྨིན་པར་བྱ་དགོས།”

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་ཐེངས་གཉིས་ལ་མཚོ་སྔོན་མཐོ་སྒང་དུ་གཟིགས་ཞིབ་ལ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་པར་མ་ཟད་གསུང་གཤད་གལ་ཆེན་གནང་ཞིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་།

1.jpg

ཨ་མྱེས་རྨ་ཆེན་གངས་རི། 

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་ཉར་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་དང་རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་ཡིད་ལ་དམ་པོར་བཟུང་ནས། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་གཏེར”ལ་སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་གལ་ཆེན་ཐེག་པར་བྱ་དགོས་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ་དང་རང་བྱུང་ཁམས་ཀྱི་བབ་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་སྔོན་དུ་བསྐྱོད་དགོས།

2.jpg

ཡུན་གྱིས་འབབ་པའི་ཆུ་ལག 

“ཀྲུང་ཧྭའི་ཆུ་གཏེར”དུ་གྲགས་པའི་གཙང་གསུམ་འབྱུང་ཡུལ་གྱི་མཚེའུ་དང་གཙང་བོར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་དགོས། 

2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ཁུལ་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཐོག་མར་གྱུར་བ་དང་། ཚོད་ལྟའི་ཁུལ་མཚོ་སྔོན་ནས་འཛུགས་མགོ་བརྩམས།

2017ལོར། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛམ་གླིང་རང་བྱུང་ཤུལ་དངོས་ཀྱི་མིང་ཐོར་ཚུད་ཅིང་། རང་རྒྱལ་གྱི་ས་བབ་ཆེས་མཐོ་ཞིང་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ཡིན་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལོ་རྒྱུས་སྟེང་བསུབ་ཐབས་མེད་པའི་ལག་རྗེས་གལ་ཆེན་ཞིག་ཏུ་གྱུར་ཡོད།

དུས་དེ་རིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཡོད་དེ། རྒྱལ་ཡོངས་ཀྱི་སྐོར་ཐེངས་དང་པོའི་གྲས་སུ་གཏོགས་ཤིང་ཨང་རིམ་དང་པོར་གནས་པ། རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཡོད། འདི་ནི་མཚོ་སྔོན་གྱི་གཟི་བརྗིད་ཡིན་ཞིང་། ལྷག་དོན་ཞིང་ཆེན་ཡོངས་ཀྱི་མི་སྣ་ཚང་མའི་དཀའ་སྡུག་གི་རྔུལ་ཆུ་མཚོན་པར་བྱས་ཡོད།

3.jpg

མཐོ་སྒང་གི་བརླན་ས། 

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་གནས་བྱེད་པར་བརྩོན།

2019ལོའི་ཟླ6པར། ཞིང་ཆེན་དང་པུའུ་ཨུས་མཉམ་སྐྲུན་བྱས་པའི་རྒྱལ་ཁབ་སྤྱི་གླིང་གཙོ་གནད་དུ་བཟུང་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་དེ་མཚོ་སྔོན་ནས་སྤེལ་མགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་དཔེ་སྟོན་དང་ཚད་གཞིར་འཛིན་རུང་བའི་འགན་འཁུར་ཐེག་པར་བྱས། 2020ལོར། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ལོ་ངོ་གསུམ་གྱི་ལག་བསྟར་འཆར་གཞི་དངོས་འབེབས་བྱས། “གོམ་གསུམ་བགྲོད་པ”འི་འཐབ་ཇུས་བརྒྱུད་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་འཆར་འགོད་རི་མོ་ནས་རིམ་བཞིན་དོན་དངོས་སུ་གྱུར་ལ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་མཚན་སྙན་ལ་བརྟེན་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་མགོ་བརྩམས་ལ་དེ་ནི་རབ་མཛེས་མཚོ་སྔོན་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

4.jpg

ཀྲུང་ཧྭའི་ཆུ་གཏེར། 

འདས་སོང་ལ་ཕྱི་མིག་འཕངས་ན། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ནས་དུས་ད་ལྟའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་གོ་རིམ་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བཅོལ་དང་ཐུགས་ཁུར་གྱིས་ཁྱབ་ནས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་མི་སྣ་ཚང་མའི་དཀའ་སྡུག་གི་རྔུལ་ཆུས་བརླན་པར་བྱས་ཡོད།

2019ལོར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཚིག་བསྐུར་བ་རེད། གླེང་སྟེགས་ཀྱི་གྲུབ་འབྲས་གཙོ་བོ“ཟི་ལིང་གི་གཅིག་མཐུན་ལྟ་བ”ཞེས་པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས།


རྫ་ཆུའི་འབྱུང་ཡུལ་རྫ་སྟོད།

མཚོ་སྔོན་གྱིས་རྒྱལ་ཡོངས་ནས་ཐོག་མར་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གཅིག་འདུའི་ལེགས་བསྒྱུར་བྱ་བ་ཡོངས་འགྲུབ་བྱས་ཡོད་དེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ཁུལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བར་དངོས་སུ་ཆོག་མཆན་ཐོབ། ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གྲ་སྒྲིག་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བྱས། གྲུབ་འབྲས་འདི་དག་གིས་མཚོ་སྔོན་གྱིས་མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་དོན་དངོས་ཀྱི་གོམ་སྟབས་སྤོས་བ་མཚོན་ཡོད།

མིག་སྔར། ཞིང་ཆེན་ཡོངས་ཀྱི་རིམ་པ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི38.42%ཟིན་ཡོད་ལ། ཞིང་ཆེན་ཡོངས་ཀྱིས་བརླན་སའི་རྒྱ་ཁྱོན་གྱི64.3%ཟིན་ཡོད། ནགས་ཚལ་གྱི30.7%ཟིན་ཡོད། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་སའི་རྒྱ་ཁྱོན་ལས85%རང་བྱུང་སྲུང་སྐྱོབ་དོ་དམ་གྱི་ཁོངས་སུ་བསྡུས་ཤིང་། རྒྱལ་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་བཙུགས་པ་རེད།

སྐྱེ་ཁམས་ཁོར་ཡུག་གི་ལྕགས་རི་དམ་དུ་སྲུང་ནས། ལྷད་མེད་དྭངས་གཙང་གི་མཚོ་སྔོན་ལ་གསོན་ཤུགས་སྩོལ།

6.jpg

རྐྱང་ཁྱུ། 

7.jpg

རི་སྤྱང་།

དུས་དེ་རིང་གི་མཚོ་སྔོན་ལ་མཚོན་ན། སྐྱེ་ཁམས་ཁོར་ཡུག་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་སོང་སྟེ། ལོ་རྒྱུས་རང་བཞིན་དང་ཡོངས་ཁྱབ་རང་བཞིན། དཀྱོགས་མཚམས་རང་བཞིན་བཅས་ཀྱི་འགྱུར་ལྡོག་མངོན་འགྱུར་བྱུང་། 

རྩྭ་ཐང་ཕྱོགས་བསྡུས་འདེབས་འཛུགས་ཀྱི་ཁེབས་ཚད57.8%ལ་སླེབས་པ་དང་། གཙོ་གནད་བྱེ་ཁུལ་དུ“བྱེ་མས་མི་རྣམས་མཐའ་རུ་འདེད་པ”ནས“ལྗང་བསྒྱུར་གྱིས་བྱེ་མ་མཐའ་རུ་འདེད་པ”འི་གཞི་རྩའི་རང་བཞིན་འགྱུར་ལྡོག་བྱུང་། ཞིང་ཆེན་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཆེས་རྩེ་མོར་གནས་ཡོད་པ་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་ཁོར་ཡུག་ལ་ལེགས་བཅོས་བྱུང་ནས་གཙོད་དང་དགོ་དམར། མཚོ་སྔོན་པོའི་གསེར་ཉ་སོགས་རི་སྐྱེས་སྲོག་ཆགས་དཀོན་པོ་དག་གི་གྲངས་ཚད་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཏེ། སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

8.jpg

གཙོད། 

9.jpg

སྤང་རྒྱན་སྔོན་པོ། 

མཚོ་སྔོན་གྱིས་བཙོག་སྐྱོན་འགག་སྒྲོལ་གྱི་བྱ་བ་ལེགས་པོར་བསྒྲུབས་ཡོད་དེ། གཡུ་ཡི་མནྡྲལ་བཤམས་འདྲའི་མཚོ་སྔོན་པོས“རབ་མཛེས་དྭངས་གཙང”གི་སྣང་བརྙན་གསར་བ་བསྐྲུན་ཡོད་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་དྭངས་གཙང་གི་ཆུ་རྒྱུན་རྒྱུན་ཆད་མེད་པར་སྨད་རྒྱུད་ས་ཁུལ་དུ་འབབ་བཞིན་ཡོད།

2021ལོར། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་ཕྱི་རུ་བཞུར་བའི་སྐབས་ཀྱི་ཆུའི་སྤུས་ཚད་རིམ་པ་གཉིས་པ་དང་ཡང་ན་དེའི་ཡན་ན་གནས་ཡོད་ལ། ཙོང་ཆུ་རིམ་པ་གསུམ་པར་གནས་ཡོད། རྒྱལ་ཁབ35ཡི་ཚད་ལེན་ཞིབ་བཤེར་ལས་སྤུས་ལེགས་ཀྱི་ཚད100%སླེབས་ཤིང་། བཙོག་ཆུ་འགོག་བཅོས་ཀྱི་བྱ་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཚུད་ཡོད།

10.jpg

མགོ་ལོག་རྨ་སྟོད་དུ་ཡོད་པའི་མཚོ་སྔོ་རེངས། 

སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ་བསྐྲུན་པ་དང་སྐྱེ་ཁམས་ཀྱིས་དམངས་ལ་བདེ་བ་བསྐྲུན་པ། སྐྱེ་ཁམས་སྲུང་སྐྱོབ་དམངས་ཀྱི་ཆེད་དུ་ཡིན་པ་བཅས་སྐྱེ་ཁམས་ཀྱི་གྲུབ་འབྲས་དེ་དམངས་ཕན་གྱི་གྲུབ་འབྲས་སུ་བསྒྱུར་ཡོད། མིག་སྔར། ཐོན་ལས“རྟེན་གཞི་བཞི”འི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་སྤེལ་བྱ་བར་ནུས་ལྡན་ངང་སྐུལ་འདེད་བྱེད་བཞིན་ཡོད་ལ། དྭངས་གཙངས་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་གྱིས་ལེགས་པོ་བྱུང་བ་དང་།  སྐྱེ་ཁམས་ཡུལ་སྐོར་དེ་དེང་རབས་ཞབས་ཞུའི་གཙོ་ཁྲིད་དུ་འགྱུར་བཞིན་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་ནས་རྒྱ་ཁྱོན་ཆེས་ཆེ་བའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཀྱི་ཐོན་སྐྱེད་རྟེན་གཞི་བཙུགས་ཡོད་ལ། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་ནགས་ཚལ། བརླན་ས་བཅས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ཁྲི14.51ཡོད་ལ། དེའི་ཁྲོད་སྐྱེ་ཁམས་དབུལ་སྐྱོར་དོ་དམ་ཀྱི་སྤྱི་ཕན་ལས་གནས་ཁྲི4.99ཡོད། ལྷག་པར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“དུད་ཁྱིམ་གཅིག་ལ་ལས་གནས་གཅིག”གི་བྱེད་ཕྱོགས་མངོན་འགྱུར་བྱས་ཤིང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མཁན17211ལས་གནས་སུ་ཞུགས་ཡོད་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི2.16ཡོད་པས། གླིང་ཁུལ་མང་ཚོགས་ཀྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ལ་གཏན་འཇགས་ཡིན་པའི་ཡོང་འབབ་ཅིག་སྤྲད་ཡོད།

11.jpg

ནམ་མཁའི་དགུ་ཚིགས།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”དང“ཞིང་ཆེན་གྱི་ལས་འགན་གཙོ་བོ”ཡིན། དུས་དེ་རིང་གི་མཚོ་སྔོན་གྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པ་མངོན་འགྱུར་བྱེད་བཞིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་དང་རྒྱལ་ཁབ་སྤྱི་གླིང་། སྐྱེ་ཁམས་ལྕགས་རི་བཅས་ཀྱི་མཚན་སྙན་ས་ཕྱོགས་ཀུན་ཏུ་ཁྱབ་ཡོད་ལ། གནས་གང་ནས་ཀྱང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་པའི་མཛེས་ལྗོངས་མཐོང་ཐུབ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།