ཀྲུང་གོ་བོད་ཀྱི་དྲ་བ།

བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་སྔར་བས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་སྔར་བས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་དགོས། འདི་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་རྩ་བའི་ཁག་ཐེག་ཡིན། ང་ཚོས་ཏང་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་མགོ་ཁྲིད་སྟོབས་ཤུགས་ཡིན་པ་སེམས་སུ་དམ་པོར་འཆང་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་སྒྲུབ་དགོས་པའི་རྩ་བའི་གནད་དོན་འདི་སེམས་སུ་དམ་པོར་འཆང་བ། ཏང་གི་འཛུགས་སྐྲུན་སྔར་བས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་དང་འབྲེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་གཏིང་ཟབ་ཏུ་མཐའ་འཁྱོལ་བྱེད་པ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ཀྱིས་ཏང་འཛུགས་སྐྲུན་གྱི་སྤུས་ཀ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། ལས་བྱེད་པ་གཞུང་དྲང་བ་དང་སྲིད་གཞུང་གི་ལས་ཚུལ་བཟང་བ། ཆབ་སྲིད་དྭངས་གསལ་ཡིན་པ། སྤྱི་ཚོགས་ཀྱི་དར་སྲོལ་ལེགས་པ་བཅས་ཀྱི་ཆབ་སྲིད་སྐྱེ་ཁམས་ཅུང་ལེགས་པོ་བསྟུད་མར་བསྐྲུན་པ། ཕྱོགས་སོ་སོའི་སྟོབས་ཤུགས་ཏང་གི་མཐའ་འཁོར་དུ་གཅིག་བསྡུས་བྱེད་པ་བཅས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རྩ་བ་ཚུགས་ཤིང་མེ་ཏོག་བཞད་ནས་འབྲས་བུ་ཐོགས་སུ་འཇུག་དགོས།

ཀྲུང་གོའི་དོན་དག་ལེགས་པོར་སྒྲུབ་པར་ཏང་ནི་གནད་འགག་ཡིན། ལོ་ལྔའི་རིང་ལ། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་གཏིང་ཟབ་ཏུ་མཐའ་འཁྱོལ་བྱས་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་པ། ཏང་གི་ཁྱོན་ཡོངས་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་བྱ་བ་སྣ་ཚོགས་ཀྱི་ཐོག་མའི་གོ་གནས་སུ་བཞག་པ། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུགས་ཤོག་གསར་པ་སྤྲད་པ། དམངས་འཚོ་བདེ་སྐྱིད་ཐད་སྐས་རིམ་གསར་པར་སྤོས་པ། མི་རིགས་མཐུན་སྒྲིལ་ཐད་ཡར་ཐོན་གསར་པ་མངོན་འགྱུར་བྱུང་བ། སྤྱི་ཚོགས་བཅོས་སྐྱོང་ཐད་ཆུ་ཚད་གསར་པར་བསྙེགས་པ། ཆབ་སྲིད་སྐྱེ་ཁམས་ཐད་སྣང་བརྙན་གསར་པ་མངོན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ཏང་གི་འཛུགས་སྐྲུན་སྣེ་འདྲེན་གྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་རྣམ་པ་གསར་པ་བཏོད།

ལོ་ངོ་ལྔའི་ལག་ལེན་ལས་ང་ཚོར་མྱོང་ཚོར་ཟབ་མོ་སྐྱེས་སུ་བཅུག་པ་ནི། ཏང་གི་ཁྱོན་ཡོངས་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་ནི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཏན་ཏིག་བླངས་པའི་ཁག་ཐེག་བརྟན་པོ་དེ་རེད། མགོ་ཚུགས་ས་གསར་པ་དང་འཐབ་ལམ་གསར་པ་ནས“ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོ”ཡི་རྩ་བའི་འགན་སྲུང་འདི་ངེས་པར་རྒྱུན་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཏང་གི་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་སོ་སོའི་མགོ་ཁྲིད་ལ་མཐུན་སྦྱོར་བྱེད་པའི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་དེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་པོ་དང་ཕྱོགས་སོ་སོ་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་ཀྱིས་ཧུར་སྐྱོད་ཀྱི་ཟིལ་ཤུགས་གཅིག་ཏུ་བསྒྲིལ་བ་དང་རྦ་རླབས་དྲག་པོ་འཕྱུར་བ་ལྟ་བུའི་སྒུལ་ཤུགས་སློང་དགོས།

དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཏང་ནི་གནད་འགག་ཡིན་ལ། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་གནད་འགག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་ཁྱོན་ཡོངས་ནས་མཐའ་འཁྱོལ་བྱེད་པ། སྔར་བས་རང་རྟོགས་སྒོས་ཀླད་པར་དྲག་ཆས་སྤྲ་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་སྟེ། ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ། ཏང་ལ་དོ་དམ་དང་ཏང་སྐྱོང་བར་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་གཏོང་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་བ། ཏང་གི་སྲིད་འཛིན་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ། མི་དམངས་ཡིད་ཚིམས་པའི་ཞབས་ཞུ་རིགས་ཀྱི་སྲིད་གཞུང་འཛུགས་སྐྲུན་ཐད་ཕན་འབྲས་གསར་པ་ལེན་པ། ཏང་སྲོལ་དང་སྲིད་སྲོལ་དང་དམངས་སྲོལ་བཅས་སྤྱི་ཚོགས་ཀྱི་དར་སྲོལ་ཡར་ཐོན་ལྷུར་ལེན་དང་སྲོལ་བཟང་སྤྱོད་བཟང་ཡོང་བའི་ཆབ་སྲིད་སྐྱེ་ཁམས་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་ཆོག་མཆན་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་དུ་བློ་ཐག་རྦད་ཆོད་དང་སྲིད་བཀའ་གེགས་མེད་ཀྱིས་སྒྲུབ་པ་དང་གང་གསུང་དེ་སྒྲུབ་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།

འདས་ཟིན་པ་ཚང་མ་སྔོན་འགྲོ་ཡིན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུང་བརྡ་བརྒྱབ་ཟིན། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པར་འགྲེངས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འགྱུར་མེད་ཀྱི་དད་མོས་པ་དང་བློ་དཀར་གྱི་ལག་ལེན་པ་བྱས་ཏེ། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་གྱི་གནས་ལུགས་སེམས་སུ་དམ་པོར་འཆང་བ་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རྒྱལ་ཁབ་ཀྱི་བརྩེ་བ་དང་བླ་ན་མེད་པའི་བསམ་པའི་གོ་རྟོགས་སྙེག་པ། ཉམས་སད་ཐེག་ཐུབ་པའི་འགན་ལེན་གྱི་འཇོན་ནུས་ཇེ་དྲག་ཏུ་གཏོང་བ། གསར་གཏོད་ཡར་བརྩོན་བྱེད་པ་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འབད་འཐབ་སྙིང་སྟོབས་ལ་བརྟེན་ནས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་འབད་འབུངས་ལྷུར་ལེན་བྱེད་པའི་དཔའ་ཉམས། ལྕགས་ལ་འཇུས་ན་ཤུལ་ཡོད་པ་དང་རྡོ་ལ་སྤོས་ན་རྗེས་ཡོད་པའི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཐོག་ནས་འཐབ་ལམ་གསར་པར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་རྒྱུན་ཆད་མེད་པར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་གསོན་པོ་རུ་བསྒྱུར་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཚད་མཐུན་གྱི་རྒྱུགས་ཤོག་གསར་པ་སྤྲོད་པ་བཅས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།