ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དོ་དམ་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཆེད་དུ་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་དོ་དམ་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བའི་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྨ་ཆུའི་འགོ་ཁུངས་མཚོ་སྔོན་དུ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པའི་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སེམས་པ་ཁྱེར་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་བྱ་བར་དམ་འཛིན་ལྷོད་མེད་བྱེད་དགོས། ཆུའི་སྤུས་ཚད་ལ་འགན་སྲུང་བྱེད་པ་དང་ཆུ་ལོག་དང་ཐན་སྐམ་གྱི་གནོད་འཚེ་འགོག་སྲུང་བྱེད་པ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པ། ས་ཆུ་ཤོར་བར་བཅོས་སྐྱོང་བྱེད་པ་སོགས་ཀྱི་གནད་འགག་ལ་དམ་དུ་དམིགས་དགོས། བཙོག་ཆུ་ཐད་འདོན་དང་གད་སྙིགས་རང་དགར་དུ་དབྱུག་པ། ཞིང་ལས་ཐད་ཀྱི་འགོ་ཁུངས་ཀྱི་བཙོག་བཟོ། ཁྲིམས་དང་འགལ་བའི་སྒོ་ནས་ཆུ་རྐའི་རྡོ་སེག་སྔོག་འདོན་དང་ཆུ་རྐ་ཧམ་བཟུང་བྱེད་པ་སོགས་ཀྱི་གནད་དོན་ལ་མཉམ་འཇོག་དགོས་པ་མ་ཟད་བཅོས་སྐྱོང་བྱེད་དགོས། ཆུ་ལོག་སོགས་གནོད་འཚེ་ཐད་ཀྱི་ཉེན་བརྡ་སྔོན་བརྡ་གཏོང་བར་ཤུགས་སྣོན་པ་དང་། རིམ་པ་མང་པོའི་ཇུས་གཞི་འཁྲབ་སྦྱོང་སྤེལ་ནས། འགོག་སྲུང་ཁ་གཏད་ནུས་པ་མཐོར་འདེགས་གཏོང་དགོས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་དར།བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཆུ་བོ་འབྲེལ་མཐུད་ཐད་ཀྱི་གེགས་རྐྱེན་མེད་པར་བྱས་ཏེ། ཆུའི་ཁོར་ཡུག་སྔར་ལས་མཛའ་མཐུན་ཡོང་བ་དང་ཆུའི་སྐྱེ་ཁམས་སྔར་ལས་བདེ་ཐང་ཡོང་བར་བྱེད་དགོས། ཉ་རིགས་ཚེ་ཐར་གཏོང་བ་ཚད་ལྡན་དུ་བསྒྱུར་བ་དང་། ཉ་འཛིན་བཀག་འགོག་བྱེད་ཐབས་བསྟར་བྱེད་པ། སྐྱེ་ཁམས་ཀྱི་བཞུར་ཚད་འགན་སྲུང་བྱས་ནས། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་དགོས། འགོ་ཁུངས་ས་ཁུལ་གྱི་རྩྭ་ཐང་ཞན་འགྱུར་བྱེ་འགྱུར་བྱེད་པའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པ་དང་། ཕྱུགས་འཚོ་བར་བཀག་འགོག་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་པ་དང་། ས་ཆུ་ཤོར་བར་བཀག་འགོག་བྱེད་དགོས། ཆུ་བེད་བཟོ་སྐྲུན་གྱི་འཆར་འགོད་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས། རྨ་ཆུ་ཟི་ལིང་དུ་འདྲེན་པ་དང་རྨ་ཆུའི་བཞུར་རྒྱུན་གཙོ་བོའི་ཆུ་ལོག་འགོག་པའི་བཟོ་སྐྲུན་སྐབས་གཉིས་པ་སོགས་ལས་གཞིའི་སྔོན་དུས་ཀྱི་བྱ་བ་བཟང་བོར་སྤེལ་ནས། ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་གྲོང་གསེབ་དང་རོང་འབྲོག་ཁུལ་ཁ་ཤས་ཀྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།