ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས“བྱིས་པའི་ཁྱིམ་གཞིས”585བསྐྲུན་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན། གསར་འགོད་པས་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་བྱིས་པ་དམིགས་བསིལ་དུ་འཛིན་པའི་རྩ་དོན་ལྟར། བྱིས་པའི་ཕན་བདེ་འགན་སྲུང་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། བྱིས་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། འཆར་གཞི་ལྟར་ན་ཞིང་ཆེན་ཡོངས་ནས“བྱིས་པའི་ཁྱིམ་གཞིས”དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“བྱིས་པའི་ཁྱིམ་གཞིས”དཔེ་སྟོན་རང་བཞིན་གྱི་རྣམ་གྲངས585བཀོད་སྒྲིག་བྱས་ཏེ། བྱིས་པའི་ཁེ་དབང་སྲུང་སྐྱོང་དང་བྱིས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

“བྱིས་པའི་ཁྱིམ་གཞིས”དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་སྤེལ་མགོ་བརྩམས་རྗེས། རང་ཞིང་གིས“བྱིས་པའི་ཁྱིམ་གཞིས”ཀྱི་དོ་དམ་དང་སློབ་གསོ། དོ་ཁུར། སྲུང་སྐྱོང་བཅས་ཀྱི་བྱེད་ནུས་བཞི་ཁ་གསལ་དུ་བཏང་ནས། ཐབས་ལམ་མང་པོ་བརྒྱུད་དེ་ཐོན་ཁུངས་གསོ་སྐྱོང་བརྩོན་ལེན་དང་ཞིང་ཆེན་རང་གི་སྡེ་བ་སོ་སོའི་བྱིས་པའི་ཀྲུང་རེན་དཔུང་ཁག་འཕེལ་རྒྱས་སུ་གཏོང་རྒྱུ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པའི་དོ་ཁུར་སྲུང་སྐྱོང་བྱ་བའི་རྨང་གཞི་སྲ་བརྟན་དུ་བཏང་ནས། བྱིས་པའི་ཞབས་ཞུའི་མཇུག་མཐའི་ལེ་བར་གཅིག་ཤར་གཏོང་བྱས།

དེ་དང་ཆབས་ཅིག་འབྲེལ་ཡོད་བྱིས་པའི་ཕན་བདེའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། དྭ་ཕྲུག་ཏུ་ལུས་པའི་བྱིས་པའི་སྨན་བཅོས་དང་ཁམས་གསོ། སློབ་གསོ་སོགས་ཐད་ཀྱི་འགན་སྲུང་ཆུ་ཚད་ཇེ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། བྱིས་པའི་ཕན་བདེ་དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་ཡག་པོ་བྱས་ནས། དྭ་ཕྲུག་དང་དོན་དངོས་ཐད་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་ཁ་གསབ་དང་འགན་སྲུང་ཚད་གཞི་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་མཐུན་པར་འགན་སྲུང་བྱས། སྤྱི་ཚོགས་སྟེང་ཁ་ཐོར་དུ་བསྡད་པའི་དྭ་ཕྲུག་དང་ཁྱིམ་ཚང་གིས་བྱིས་པ་འཚོ་སྐྱོང་བྱེད་པ་སོགས་དཀའ་ངལ་ཡོད་པའི་ཁྱིམ་ཚང་སྣ་ཚོགས་ལ་བཅར་འདྲི་དང་ལྟ་སྐྱོང་དཔྱད་དཔོག ཁྱིམ་ཚང་གསོ་སྦྱོང་། ལྟ་སྐྱོང་སྲུང་སྐྱོང་བཅས་ཀྱི་ལམ་ལུགས་ཇེ་ལེགས་སུ་བཏང་བ་དང་འཐུས་ཚང་དུ་བཏང་། བྱིས་པའི་ཕན་བདེའི་ཞབས་ཞུའི་ཤེས་ལྡན་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་ནད་གཡོག་པའི་ལས་རིགས་ནུས་རྩལ་རིམ་པ་གཏན་འཁེལ་གྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་བྱིས་པའི་ཕན་བདེའི་ཞབས་ཞུའི་ལས་དོན་དཔུང་ཁག་གི་ཆེད་ལས་ཆུ་ཚད་ཇེམཐོར་བཏང་།  

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཞིང་ཆེན་ཡོངས་ཀྱི་བྱིས་པའི་ཕན་བདེ་ལས་ཁུངས་དང་སྐྱེ་བོ་ལོ་ན་མ་སོན་པའི་སྲུང་སྐྱོང་སྒྲིག་གཞི་ལེགས་སྒྱུར་དང་སྤུས་ཚད་མཐོར་འདེགས་དང་གསར་གཏོད་ཚུལ་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་བྱིས་པའི་ཕན་བདེལས་ཁུངས་དང་སྐྱེ་བོ་ལོ་ན་མ་སོན་པ་སྲུང་སྐྱོང་སྒྲིག་གཞི་རིམ་སྤོར་ཚུལ་སྒྱུར་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་བཀོད་པ་དང་ནུས་པ་ཇེ་ལེགས་སུ་གཏོང་བ། ཟི་ལིང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གི“སྣེ་འདྲེན”ནུས་པ་འདོན་སྤེལ་བྱེད་པ། གྲོང་ཁྱེར(ཁུལ)ཀྱི་ས་ཁོངས་རང་བཞིན་གྱི་བྱིས་པའི་ཕན་བདེ་ལས་ཁུངས་འཛུགས་པར་སྐུལ་འདེད་གཏོང་བ། བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་ཁྱིམ་ཚང་རྣམ་པའི་སྡོད་གནས་བསྐྲུན་པར་རྒྱབ་སྐྱོར་བྱེད་པ། ཁྱིམ་ཚང་རྣམ་པའི་གསོ་སྐྱོང་བྱེད་སྟངས་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དྲག་སྐྱེད་ཐད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས། དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་བྱིས་པ་ས་ཁུལ་བརྒལ་ནས་གཅིག་བསྡུས་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆ་རྐྱེན་ཡོད་པའི་བྱིས་པ་ཕན་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་དབང་བོ་སྐྱོན་ཅན་བྱིས་པར་ཞབས་འདེགས་ཞུ་བའི་རྒྱ་ཁྱོན་ཆེ་རུ་གཏོང་བར་སྐུལ་མ་གཏོང་བ་དང་། བྱིས་པའི་ཕན་བདེ་ལས་ཁུངས་གཞན་དག་དུ་དུས་ཡུན་རིང་བོར་བྱིས་པར་ལྟ་སྐྱོང་བྱས་ནས་དམིགས་བསལ་སློབ་གསོ་དང་སྨན་བཅོས། དྲག་སྐྱེད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།