ཀྲུང་གོ་བོད་ཀྱི་དྲ་བ།

མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG141.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་དཔེ་དེབ་པར་སྐྲུན་གྱི་གལ་ཆེའི་ལས་གཞི་སྟེ། 《མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད》ལས《མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

《མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ》ལ་ཁྱོན་བསྡོམས་པོད་ལྔ་ཡོད་ཅིང་། རེབ་གོང་རོང་བོ་དགོན་ཆེན་གྱིས་དག་སྒྲིག་བྱས་པ་དང་མ་དངུལ་འབོར་ཆེན་བཏང་སྟེ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།     

效果图(01)).jpg

གསུང་འབུམ་ཁྲོད་མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་མཆོག་གི་གསུང་རྩོམ་སྟེ།  ཡོངས་སུ་གྲགས་པའི་སྐལ་ལྡན་མགུར་མ་དང་།  ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས།  རྣམ་ཐར་གྱི་རིམ་པ་འཇམ་དཔལ་བསྟན་པའི་མཛེས་རྒྱན། དབུ་མའི་བསྟན་བཅོས་ཀྱི་རྒྱལ་པོ་རྩ་བའི་ཤེས་རབ་ཀྱི་ཊཱིཀྐ་དཔག་བསམ་གྱི་ལྗོན་ཤིང་། བྱང་ཆུབ་ལམ་རིམ་གྱི་ཁྲིད། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས། རྒྱུད་སྡེ་སྤྱིའི་རྣམ་བཞག་ཉུང་བསྡུས།  སྔགས་བཀླག་ཐབས། བསྡུས་གྲྭའི་རྩ་ཚིག་སོགས་ལས་གཞན།  སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོའི་གསུང་འབུམ་ཡང་པོད་ལྔ་པར་དཀྱུས་གཅིག་ཏུ་བསྒྲིགས་པ་སོགས་མདོར་ན། ཁོང་གི་བརྩམས་ཆོས་བརྒྱ་ཕྲག་ལྷག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གྲུབ་ཡོད། ནང་དོན་གྱི་ཆ་ནས་ནང་དོན་རིག་པ་དང་། རྣམ་ཐར།   སྐད་བརྡ་རིག་པ། གཏན་ཚིགས་རིག་པ། མི་ཆོས་ཀུན་སྤྱོད་རིག་པ། རྩོམ་རིག་སྒྱུ་རྩལ་སོགས་བརྗོད་བྱའི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་བས།  བོད་ཀྱི་རིག་གནས་ལོ་རྒྱུས་ལ་སློབ་སྦྱོང་དང་། ནང་དོན་རིག་པར་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན།

效果图(02)).jpg

ཤར་སྐལ་ལྡན་རྒྱ་མཚོ་མཆོག་ནི་དུས་རབས་བཅུ་བདུན་པར་ཨ་མདོ་རེབ་གོང་ཡུལ་དུ་སྐུ་འཁྲུངས་པའི་མཁས་གྲུབ་དམ་པ་ཞིག་སྟེ།  ཁོང་གི་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱས་ཤིང་།  སྐུ་ཚེའི་བར་སྨད་ཙམ་ལ་མདོ་སྨད་ཀྱི་སྒྲུབ་གནས་མང་པོར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་སྒོམ་སྒྲུབ་རྩལ་དུ་བཏོན་པས། ཁོང་གི་མཚན་ཟུར་ལའང་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའམ་སྐལ་ལྡན་རས་པ་དང་། ཡུལ་མདོ་སྨད་ཀྱི་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཞེས་གྲགས་སོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།