ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་འཕེལ་རྒྱས་ཀྱི་གནད་ཆེའི་གཞུང་ལུགས་དང་ལག་ལེན་གནད་དོན་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ5པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས10པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《རང་རྒྱལ་འཕེལ་རྒྱས་ཀྱི་གནད་ཆེའི་གཞུང་ལུགས་དང་ལག་ལེན་གནད་དོན་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་ན། རང་རྒྱལ་འཕེལ་རྒྱས་ཀྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་བ་གཏིང་ཟབ་བྱུང་ཞིང་།གནད་དོན་གལ་ཆེན་གསར་པ་མང་པོར་འཕྲད་པས་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས།

རྩོམ་ཡིག་ལས་བསྟན་དོན། ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་འཐབ་ཇུས་དམིགས་འབེན་དང་ལག་ལེན་ཐབས་ལམ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས། ཐུན་མོང་འབྱོར་ཕྱུག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། ཐུན་མོང་འབྱོར་ཕྱུག་གི་དམིགས་འབེན་མངོན་འགྱུར་བྱེད་པར། ཐོག་མར་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་འབད་བརྩོན་བརྒྱུད་ནས“སྒོང་བག”ཆེ་ཞིང་བཟང་བ་ཞིག་ལས་པ་དང་། དེ་ནས་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་བརྒྱུད་ནས“སྒོང་བག”དེ་ལེགས་པོར་གཏུབ་ནས་ལེགས་པོར་བགོ་དགོས། དེ་ནི་ཡུན་རིང་གི་ལོ་རྒྱུས་ཀྱི་གོ་རིམ་ཞིག་ཡིན་ལ། ང་ཚོས་ཆ་རྐྱེན་གསར་སྐྲུན་དང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གོམ་སྟབས་བརྟན་པོས་དམིགས་འབེན་དེའི་ཕྱོགས་ལ་བསྐྱོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་གཙོ་བོ་ཡིན་པའི་ཁྲིད་ཕྱོགས་ཇེ་དྲག་ལ་གཏོང་བ་དང་། དཔལ་འབྱོར་འཕར་བའི་ལས་ཞུགས་སྐུལ་ཁྲིད་ནུས་པ་ཇེ་མཐོར་བཏང་ནས། ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།གདོས་བཅས་དཔལ་འབྱོར་རྒྱུན་ཆད་མེད་པར་ཇེ་རྒྱས་སུ་གཏོང་བ། ངལ་རྩོལ་པའི་བྱང་ཚད་ཇེ་མཐོར་གཏོང་དགོས། བགོ་བཤའི་བྱེད་ལས་དང་ནུས་པ་འདོན་སྤེལ་བྱས་ནས། ལས་ཕྱོད་དང་འདྲ་མཉམ་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས་པ་དང་། ཐེངས་མགོ་མའི་བགོ་བཤའ་དང་བགོ་བཤའ་ཐེངས་གཉིས་པ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ཆ་སྒྲིག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲིག་སྲོལ་འཛུགས་དགོས། སྤྱི་པའི་ཞབས་ཞུའི་སྲིད་ཇུས་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་གང་ནུས་ཅི་ལྕོགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་འདེགས་རྒྱུ་གཙོ་བོར་འཛིན་དགོས་པ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ཁྱབ་ཁོངས་ལ་གནད་དུ་ཁེལ་བའི་སྒོ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། མ་རྩའི་ཁྱད་གཤིས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་ལེགས་པར་སྒྲུབ་པ་ནི་རང་རེའི་ཏང་གི་རླབས་ཆེ་བའི་གསར་གཏོད་ཅིག་ཡིན། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཏུ་མ་རྩའི་བཟང་ཕྱོགས་ཀྱི་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་ཕྱོགས་འཚོལ་ཞིབ་བྱེད་པ་དང་། དུས་མཚུངས་སུ་མ་རྩའི་ངན་ཕྱོགས་ཀྱི་ནུས་པ་ནུས་ལྡན་སྒོས་ཚོད་འཛིན་བྱེད་དགོས། མ་རྩའི་ཆེད་དུ“གློག་དམར་ལྗང”སྒྲིག་པ་དང་། མ་རྩ་ལ་ལ་གང་བྱུང་གིས་འཕེལ་བ་སྔོན་འགོག་བྱེད་དགོས་ལ། ཁྲིམས་ལྟར་མ་རྩར་ནུས་ལྡན་གྱིས་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་དགོས། མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱལ་ལ་སྐུལ་ལྕག་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་ལ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། དམའ་རིམ་ཐོན་རྫས་ཀྱི་མཁོ་སྤྲོད་འགན་སྲུང་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས། དམའ་རིམ་ཐོན་རྫས་ཀྱི་མཁོ་སྤྲོད་འགན་སྲུང་ལེགས་པོ་བྱེད་པ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཆེན་པོ་ཞིག་ཡིན་པས། ངེས་པར་དུ་འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་པ་དང་སྔ་མོ་ནས་ལེགས་སྒྲིག་བྱས་ཏེ། མཁོ་སྤྲོད་བདེ་འཇགས་ལ་ཁག་ཐེག་ནན་མོ་བྱེད་དགོས། གྲོན་ཆུང་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོན་ཆུང་འཐབ་ཇུས་ལག་བསྟར་བྱས་ཏེ། ཁྱབ་ཁོངས་སོ་སོའི་གྲོན་ཆུང་འགུལ་སྐྱོད་ལ་སྐུལ་འདེད་བྱེད་དགོས། རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཕྱི་རྒྱལ་གྱི་ཐོན་ཁུངས་ཐོན་སྐྱེད་འགན་སྲུང་ནུས་པ་ལེགས་སྒྱུར་བྱེད་དགོས། ཀྲུང་གོ་པའི་ཕོར་པ་དུས་ནམ་ཡང་རང་གི་ལག་ལ་དམ་པོར་འཛིན་དགོས་ཤིང་། ང་ཚོའི་ཕོར་པར་ཅིས་ཀྱང་གཙོ་བོ་ཀྲུང་གོའི་བཟའ་འབྲུ་བསྡུ་དགོས། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བ་དེ་སྔར་ལས་འབུར་ཐོན་ཡིན་པའི་གནས་སུ་འཇོག་དགོས་ལ། བཟའ་འབྲུ་མཐའ་གཅིག་ཏུ་བདེ་འཇགས་ཡིན་པ་དང་ལོ་ཏོག་ཕལ་ཆེར་འདང་ཚོད་ཡིན་པ་ཁག་ཐེག་བྱས་ནས། སྣུམ་དང་སྲན་ཆེན་གྱི་ཐོན་ནུས་དང་འདང་ཚད་མཐོ་རུ་འདེགས་དགོས།

རྩོམ་ཡིག་ལས་བསྟན་དོན། ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བ་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས། ཚད་མཐའི་བསམ་གཞིག་རྒྱུན་འཁྱོངས་བྱས་ནས། ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ལེགས་པོ་བྱེད་དགོས་པ་དང་། ཉེན་ཁ་ཆེན་པོ་དང་ཉམས་ཉེན་འབྱུང་བར་གཡོལ་ཅི་ཐུབ་བྱེད་དགོས། མུ་མཐུད་དུ་སྤྱི་ཡོངས་བརྟན་འཇགས་དང་གཅིག་གྱུར་མཐུན་སྦྱོར། རིགས་དབྱེ་ཇུས་འདོན། གནད་ཁེལ་ཉེན་སེལ་གྱི་གཞི་རྩའི་བྱེད་ཕྱོགས་ལྟར།ཉེན་ཁའི་ཐག་གཅོད་བྱ་བ་ལེགས་པོར་འཛིན་དགོས། ཁྲིམས་ལྟར་ལུགས་མཐུན་དང་འགན་འཁྲི་ནན་འཛིན་བྱས་ནས། ནུས་པའི་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་དང་། ཐོན་ཁུངས་འདང་ངེས་ཡོད་པ་དང་ཕྱོགས་སོ་སོས་རྒྱ་ཆེར་མཐུན་སྦྱོར་བྱེད་པ། ཁྲོམ་ར་བརྒལ་བ་དང་ལས་རིགས་བརྒལ་ནས་གཅིག་གྱུར་འཆར་འགོད་ཀྱིས་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་དགོས། ལྗང་མདོག་ཐཱན་དམའི་འཕེལ་རྒྱས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་རིགས་བསྒྱུར་བྱེད་པའི་རྙོག་འཛིང་གི་བཟོ་འགོད་དང་ཡུན་རིང་གི་ལས་འགན་ཡིན། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་གྱི་དམིགས་འབེན་མངོན་འགྱུར་བྱེད་ན་བློ་བརྟན་འགྱུར་མེད་ཡིན་དགོས་མོད། འོན་ཀྱང་། འཐབ་ཐེངས་གཅིག་གིས་རྣམ་པར་རྒྱལ་མི་སྲིད་པས། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པ་རྒྱུན་འཁྱོངས་བྱས་ཏེ་རིམ་བཞིན་མངོན་འགྱུར་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་འཆར་འགོད་དང་གྲོན་ཆུང་དམིགས་བསལ་དུ་འཛིན་པ། ཕྱོགས་གཉིས་ནས་སྒུལ་བ། ཕྱི་ནང་བདེ་བགྲོད། ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རྡོ་སོལ་གཙོ་བོ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་རྐང་བཙུགས་ཏེ། རྡོ་སོལ་གཙང་དག་ནུས་མཐོ་བེད་སྤྱོད་ལེགས་འཛིན་བྱེད་པ་དང་། ནུས་ཁུངས་གསར་པའི་གཅིག་བསྡུས་ནུས་པ་ཇེ་ཆེར་གཏོང་དགོས། ལྗང་མདོག་ཐཱན་དམའི་ལག་རྩལ་འགག་སྒྲོལ་ནན་འཛིན་བྱེད་པ་དང་། སྔོན་ཐོན་ལག་རྩལ་གང་མགྱོགས་ཀྱིས་ཁྱབ་གདལ་དང་བེད་སྤྱོད་གཏོང་དགོས།

ཚན་རིག་དང་མཐུན་པར་དཔྱད་ཞིབ་དང་། ནུས་ཟད“ཚོད་འཛིན་ཟུང”གི་ལམ་ལུགས་འཐུས་ཚང་དུ་བཏང་ནས། མགྱོགས་མྱུར་ངང་བཙོག་འཕྲི་ཐཱན་གཅོག་གི་སྐུལ་སློང་ཚོད་འཛིན་ནང་རྐྱེན་ཆགས་པར་བྱེད་དགོས། “ཚོད་འཛིན་ཟུང”དང“ཐཱན་ཟུང”གི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་བསྒྲུབས་ཏེ། སྟབས་བདེ་སྒོས་རིམ་པ་རེ་རེ་དབྱེ་ཕྲལ་བྱེད་པ་འགོག་དགོས། ནུས་ཁུངས་གསར་བརྗེ་ལ་གཏིང་ཟབ་སྒོས་སྐུལ་འདེད་བྱས་ཏེ། ནུས་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།