ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཀྲི་ཝུན་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་བདེ་འཇགས་བྱ་བ་དང་མཐོ་རིམ་སློབ་གྲྭའི་རིམས་ནད་འགོག་སྡོམ་བཀོད་གཏོང་བཀོད་སྒྲིག་བརྙན་འཕྲིན་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས26ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་བདེ་འཇགས་བྱ་བ་དང་མཐོ་རིམ་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་གཏོང་བཀོད་སྒྲིག་བརྙན་འཕྲིན་ཚོགས་འདུ་བསྡུས་ཏེ། སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དངོས་འབེབས་བྱས་པར་མ་ཟད། 2022ལོའི་མཐོ་རྒྱུགས་བདེ་འཇགས་དང་མཐོ་རིམ་སློབ་གྲྭའི་རིམས་ནད་སྔོན་འགོག་བྱ་བར་བཀོད་སྒྲིག་བྱས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། མཐོ་རྒྱུགས་དང་མཐོ་རིམ་སློབ་གྲྭའི་རིམས་ནད་འགོག་སྡོམ་བྱ་བ་དེ་དམངས་ཚིས་བདེ་སྐྱིད་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོས་སློབ་གྲྭ་རེར་སྲིད་ཇུས་རེ་ལག་བསྟར་བྱེད་པའི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་ཡག་པོ་བྱེད་པ་དང་། སློབ་གསོ་སློབ་ཁྲིད་དང་དངོས་ཟོག་གསོག་འཇོག  བསམ་བློའི་ཁྲིད་སྟོན། མི་ཆོས་སེམས་ཁུར། གུང་གསེང་བཀོད་སྒྲིག་སོགས་ཀྱི་བྱ་བར་སྤྱི་འདོམས་ཡག་པོ་བྱས་ནས་སློབ་གྲྭའི་བདེ་འཇགས་ཁྱོན་ཡོངས་ནས་ཇེ་བརྟན་དུ་གཏོང་དགོས། དངོས་གཉེར་ཕན་ཆེའི་སྒོ་ནས2022ལོའི་མཐོ་རྒྱུགས་བྱ་བ་དམ་འཛིན་ཡག་པོ་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་བླང་བྱ་ཁག་མཐོ་རྒྱུགས་སྔོན་དང་མཐོ་རྒྱུགས་སྐབས། མཐོ་རྒྱུགས་རྗེས་ཀྱི་ཁྱབ་ཁོངས་ཡོངས་དང་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་ཏན་ཏིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱུགས་སྤྲོད་སློབ་མའི་རིགས་དབྱེ་དོ་དམ་ལ་ཤུགས་སྣོན་དང་རྒྱུགས་ར་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། རྒྱུགས་ལེན་བྱ་བའི་རྩ་འཛུགས་གཟབ་ནན་ཏུ་གཏོང་བ། འཕྲལ་བསྟུན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བློ་ཞིབ་མོས་ཞབས་ཞུ་འགན་སྲུང་བྱེད་པ། རྒྱུགས་སྤྲོད་དགོས་པ་ཡོད་ཚད་ཀྱིས་རྒྱུགས་སྤྲོད་ཐུབ་པར་བྱེད་པ། རིམས་ནད་དབང་གིས་མཐོ་རྒྱུགས་ལ་ཤུགས་རྐྱེན་མི་བཟོ་བ་དང་། མཐོ་རྒྱུགས་དབང་གིས་རིམས་ནད་མཆེད་པར་མི་བྱེད་པ་བཅས་བྱས་ཏེ་བདེ་འཇགས་ཀྱི་མཐོ་རྒྱུགས་དང་བདེ་ཐང་གི་མཐོ་རྒྱུགས། འདྲ་མཉམ་གྱི་མཐོ་རྒྱུགས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས།

ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་ཏུ་གཏོང་བ་དང་ལས་འགན་འཁུར་ཤུགས་སྔར་ལས་ཆེ་རུ་གཏོང་བ། ལས་འགན་ཁག་བགོས་ཞིབ་ཕྲ་བཟོ་བ། གཞོགས་འདེགས་དམ་ཟབ་བྱེད་པ། འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ལས་འགན་ཁག་སོ་སོ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།

ཚོགས་འདུའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་དང་སློབ་གསོའི་ཁྱབ་ཁོངས་ཀྱི་གཙོ་གནད་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།