ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་བཞི་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས26ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》སློབ་སྦྱོང་བྱས་པ་དང་། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ》དང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་ཀྱི་བྱ་བའི་སྒྲིག་སྲོལ》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་རང་སྟེང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་ཡིན་པ་དང་། ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ནི་ས་གནས་ཏང་ཨུས་བྱ་བ་སྒྲུབ་པའི་སྤྱིའི་སྒྲིག་སྲོལ་ཡིན། ཏང་གི་སྒྲིག་ཡིག་དང་སྲོལ་ཡིག་སློབ་སྦྱོང་བྱེད་པ་དེ་སློབ་ཁྲིད་དང་པོ་དང་ངེས་མཁོའི་སློབ་ཁྲིད། ཚེ་གང་བོའི་སློབ་ཁྲིད་བཅས་སུ་བརྩིས་ཏེ། སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྣེ་ཁྲིད་ནས་བརྩི་སྲུང་བྱེད་པ། སྒྲིག་སྲོལ་གཉིས་ལག་བསྟར་བྱེད་རྒྱུ་ལེགས་པར་འཛིན་པ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔར་ལས་བརྟན་ཞིང་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱས་ནས། ཁྱོན་ཡོངས་ལ་སྤྱི་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ནུས་པ་ལེགས་པར་འདོན་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་ཏང་ལ་མཐའ་གཅིག་ཏུ་བློ་དཀར་བར་བྱས་ནས། ཕུགས་བསམ་ཡིད་རྟོན་བརྟན་པའི་མིག་དཔེ་སྟོན་དགོས་ཏེ། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། དུས་ནམ་ཡང་བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། འགུལ་སྐྱོད་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་དགོས། སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཁག་ཁུར་ལས་སྒྲུབ་བྱེད་ཕོད་པའི་མིག་དཔེ་སྟོན་དགོས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། སྣེ་ཁྲིད་དེ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱེད་པའི་མིག་དཔེ་སྟོན་དགོས་ཏེ། ཏང་གཤིས་ལངས་ཕྱོགས་དང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། དུས་ནམ་ཡང་མི་དམངས་སེམས་ཀྱི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ། མི་དམངས་ལ་ཆབ་སྲིད་ཀྱི་བློ་འདྲི་བ་དང་། མི་དམངས་ལ་འཕེལ་རྒྱས་ཀྱི་ཇུས་གཞི་འདྲི་བ། མི་དམངས་ཀྱི་དགོས་མཁོ་འདྲི་བ། མི་དམངས་ཀྱི་སྤྱི་ཞབས་པ་བཟང་པོ་བྱེད་པ། སེམས་དང་བརྩེ་བ། ནུས་ཤུགས་བཅས་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་པར་བཀོལ་བ་བཅས་བྱས་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་བློ་མཐུན་རེ་རེའི་བརྩེ་བ་ཆེས་ཟབ་མོར་འགྱུར་བར་བྱ་དགོས། སྣེ་ཁྲིད་དེ་དམངས་གཙོ་གཅིག་བསྡུས་ལམ་ལུགས་དོན་འཁྱོལ་བྱས་ནས། ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་རོགས་ལས་བྱེད་པའི་མིག་དཔེ་སྟོན་དགོས་ཏེ། ལས་བགོས་འགན་ཁུར་དང་ཕན་ཚུན་གསབ་རེས། གཞོགས་འདེགས་དམ་པོ་བཅས་རྒྱུན་འཁྱོངས་སྒོས་ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་བཟང་པོ་བྱས་ཏེ། ཚན་རིག་གིས་ཇུས་ཐག་གཅོད་པ་དང་དམངས་གཙོས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་མཉམ་དུ་སྐུལ་སྤེལ་བྱས་ནས། བསམ་བློ་སེམས་མཐུན་དང་དམིགས་འབེན་ཕྱོགས་མཐུན། འགུལ་སྐྱོད་གོམ་མཐུན་བཅས་བྱས་ཏེ། སྦྱོར་བ་དངོས་ལས་ཚན་ཁག་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། སྣེ་ཁྲིད་དེ་སྲོལ་གཙང་སྤྱོད་གཙང་གི་རྣམ་པ་བསྐྱེད་ནས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་མོར་སྲུང་བའི་མིག་དཔེ་སྟོན་དགོས་ཏེ། ཏང་གི་སྒྲིག་ཡིག་རང་རྟོགས་ཀྱིས་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་བརྩི་བཀུར། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོབ་བཅས་བྱས་ནས། ཏང་ཕྱོགས་ཡོངས་ནས་ནན་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་རང་རྟོགས་ཀྱིས་ལག་བསྟར་བཟང་པོ་བྱེད་པ་དང་། ཕྱོགས་སོ་སོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་རང་རྟོགས་ཀྱིས་བཀོལ་སྤྱོད་བཟང་པོ་བྱས་ཏེ། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོས་སྲོལ་གཙང་སྤྱོད་བཟང་དང་ཚུལ་མཐུན་ལུགས་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།